ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་དུ་སྐབས་བཞི་བའི་སློབ་རའི་དམངས་གླུ་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ཀྱི་སློབ་འབྲིང་དྲ་བ། དུས་ཚོད།:2016-05-20 09:58:00 ཀློག་གྲངས།:


སློབ་ཕྲུག་ཆུང་ཆུང་གིས་གླུ་ལེན་བཞིན་པ།


སྙན་པའི་དབྱངས་ལ་འགུག་བཞིན་པ།


བྱ་དགའ་ཐོབ་པའི་སློབ་ཕྲུག་རྣམས།

     སྤྱི་ཟླ5བའི་ཚེས10ཉིན། མདོ་ལྷོའི་ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་སྐབས་བཞི་བའི་སློབ་རའི་དམངས་གླུ་འགྲན་སྡུར་གྱི་བྱེད་སྒོ་སྤེལ། དམངས་གླུ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མདོ་དབུས་ཁམས་གསུམ་གང་དུ་ཡང་ དར་ཁྱབ་ཧ་ཅང་ཆེ་ལ། བོད་མི་རིགས་རང་གི་ཁྱད་ཆོས་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་བྱེད་སྒོ་ཞིག་སྟེ། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་བང་མཛོད་དུ་འོད་ཟེར་ལམ་ལམ་དུ་མཆེད་པའི་ཆ་ཤས་ཤིག་ཀྱང་ཡིན།
     དམངས་གླུས་བོད་མི་རིགས་ཀྱི་སྤྱི་ཚོགས་གནས་བབ་དང་། བསམ་པའི་འདུ་ཤེས། མི་ཚེའི་ལྟ་ཚུལ། ཡུལ་སྲོལ་གོམས་གཤིས། མཛེས་དཔྱོད་ཀྱི་རིན་ཐང་སོགས་མཚོན་ཡོད་པས་ད་ལྟའི་དུས་རབས་དང་བསྟུན་ནས་བརྗོད་ན་དམངས་གླུ་ནི་བོད་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་རྩོམ་རིག་ཅིག་ཡིན་པར་མ་ཟད། སྒྱུ་རྩལ་གྱི་རིན་ཐང་གི་ཆ་ནས་བཤད་ན་ཡང་ཕྱི་རབས་པ་རྣམས་ཀྱིས་དོ་སྣང་དང་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པའི་མི་རིགས་རང་ཉིད་ཀྱི་རིག་གནས་ཤིག་ཏུ་མངོན།
     སློབ་རའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་གྲྭའི་སྒྱུ་རྩལ་སློབ་གསོ་ལ་སྐུལ་འདེད་གཏོང་རྒྱུ། ལྷག་པར་དུ་རང་ཅག་ཁ་བའི་ཡུལ་གྱི་མེས་པོ་ཚོས་བྱིན་པའི་སྲོལ་རྒྱུན་རིག་གནས་དང་དམངས་ཁྲོད་རྩོམ་རིག་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སློབ་མའི་འཇོན་ཐང་དང་ནུས་པ་སྔོགས་འདོན་བྱེད་པར་གར་སྟེགས་གསར་བ་ཞིག་བསྐྲུན་ཕྱིར་དམངས་གླུ་འགྲན་སྡུར་གྱི་འདུ་བྱེད་སྤེལ།
     ཐེངས་འདིའི་བྱེད་སྒོ་འདི་ནི་སློབ་རའི་འཚོ་བ་དང་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་པར་དམིགས་ལ་སློབ་ཕྲུག་ཚོའི་བརྒྱུད་ལ་ཆུང་དུས་ནས་རང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་རིན་ཐང་ལ་ངེས་ཤེས་ཟབ་མོ་ཞིག་སྐྱེས་པར་བཅུག་སྟེ་ཁོ་ཚོས་རང་ནུས་འདོན་སྤེལ་བརྒྱུད་དེ་དམངས་ཁྲོད་སྒྱུ་རྩལ་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ལས་དོན་རླབས་པོ་ཆེ་ཕྲག་ལ་ལེན་པའི་སྤོབས་དང་སྙིང་སྟོབས་ཀྱང་སྐྱེད་སྲིང་བྱེད་ཐུབ་པར་ནུས་པ་གལ་ཆེན་ཞིག་ཐོན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།