
མང་རྫོང་མི་རིགས་སློབ་འབྲིང་གིས་སློབ་རའི་གཏམ་བཤད་འགྲན་སྡུར་སྤེལ་བ།
སྤྱི་ཟླ11པའི་ཚེས14ཡི་དགོང་མོ་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་། མང་རྫོང་མི་རིགས་སློབ་འབྲིང་གིས་སློབ་གྲྭའི་ཚོགས་ཁང་ཆེན་མོ་རུ་སྐབས་གཉིས་པའི་སློབ་རའི་གཏམ་བཤད་འགྲན་སྡུར་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་ནི་མང་རྫོང་མི་རིགས་སློབ་འབྲིང་གི་ཐོན་ཨུ་དང་སློབ་མའི་ཚོགས་པ་གཉིས་ཀྱིས་རྩ་འཛུགས་བྱས་པ་ཡིན་ལ། བྱ་འགུལ་འདིར༼ཁྲིམས་ལུགས་དང་ཀུན་སྤྱོད༽ཀྱི་གར་ཆུང་འཁྲབ་སྟོན་དང༼ང་ཡི་ལང་ཚོ༽ཞེས་པའི་གཏམ་བཤད་འགྲན་བསྡུར་བཅས་རིམ་པ་གཉིས་སུ་བཀར་ཡོད།

གར་ཆུང་འཁྲབ་སྟོན་བྱེད་བཞིན་པ།
ཁྲིམས་ལུགས་དང་ཀུན་སྤྱོད་ཀྱི་གར་ཆུང་ནི་རང་སློབ་གྲྭའི་སློབ་མའི་ཚོགས་པས་འཁྲབ་སྟོན་བྱས་པ་ཡིན་ལ། གར་ཆུང་འདིའི་ནང་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྲུང་བྱ་དང་ལོ་དགུའི་འོས་འགན་སློབ་གསོའི་བཅའ་ཁྲིམས། ནར་མ་སོན་པའི་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཕྱོགས་ཀྱི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཤེས་བྱ་མང་པོ་ཞིག་དང་ཟུང་འབྲེལ་གྱིས། སློབ་འབྲིང་སློབ་མ་དང་དགེ་རྒན། ཁྱིམ་བདག་གསུམ་བར་གྱི་གནད་དོན་མང་པོ་ཞིག་ཐེར་འདོན་དང་སྐྱོན་བརྗོད། སློབ་གསོ་དང་བཅོས་སྒྱུར་གྱི་བརྗོད་བྱ་འབུར་དུ་ཐོན་ཡོད་པས། རྒྱ་ཆེའི་དགེ་སློབ་ཡོངས་ཀྱིས་དགའ་བསུ་ཆེ་ཆེར་ཐོབ་པ་རེད།

འགྲན་རའི་ཡུལ་དངོས།
ང་ཡི་ལང་ཚོ་ཞེས་པའི་གཏམ་བཤད་འགྲན་བསྡུར་ལ་ཁྱོན་སྡོམ་སློབ་ཕྲུག་བཅོ་ལྔ་ཞུགས་པ་དང་། སློབ་ཕྲུག་དེ་དག་གིས་རང་ཉིད་ནར་སོན་གྱི་ལོ་ཟླ་དང་ལང་ཚོའི་སྟོབས་ཀྱིས་བཏེགས་པའི་ཕུགས་འདུན་སོགས་བརྗོད་སྙིང་ཡིན་པའི་གཏམ་བཤད་སྣ་ཚོགས་སྤེལ་བ་དང་། བྱ་འགུལ་འདི་དང་འདི་ལྟ་བུའི་སློབ་མའི་གཏམ་བཤད་ཀྱི་སྙིང་སྟོབས་དང་སྤོབས་པ་སྐྱེད་སྲིང་བྱས་པར་མ་ཟད། ཁོ་ཚོའི་གཏམ་བཤད་ཀྱི་སྐད་ཆའི་སྒྱུ་རྩལ་དང་བརྩེ་དུང་སོགས་ཕྱོགས་གང་ཅིའི་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་བླངས་པ་རེད།

ང་ལ་རྨི་ལམ་ཞིག་ཡོད།

ང་ཡི་ལང་ཚོ་དང་ང་ཡི་འདུན་མ།

ང་དང་ངའི་ནར་སོན་གྱི་ལོ་ཟླ།

གཏམ་བཤད་པ་དང་གསར་འགོད་པ།

སློབ་གཙོ་བཀྲ་ཤིས་ཚེ་བརྟན་གྱིས་གཏམ་བཤད་གནང་བཞིན་པ།

མཐའ་མཇུག་གི་རྒྱལ་ཁ།
ཉེ་བའི་ལོ་འདི་དག་གི་རིང་ལ། མང་རྫོང་མི་རིགས་སློབ་འབྲིང་གིས་སློབ་གསོ་སློབ་ཁྲིད་ཀྱི་ཞོར་ནས། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས། བོད་ཀྱི་དམངས་གླུ་འགྲན་བསྡུར་དང་གཏམ་དཔེ་འགྲན་བསྡུར། གླིང་སྒྲུང་འགྲན་བསྡུར། གནའ་གཏམ་འགྲན་བསྡུར། སྙན་ངག་གྱེར་འདོན་འགྲན་བསྡུར། དཔེ་ཀློག་མྱོང་ཚོར་འགྲན་བསྡུར། རྩོམ་ཡིག་འགྲན་བསྡུར། རི་མོ་འགྲན་བསྡུར། ཡིག་གཟུགས་འགྲན་བསྡུར། སློབ་ཕྱིའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ་དང་། བྱེད་སྒོ་དེ་དག་བརྒྱུད་ནས་དགའ་ཕྱོགས་མི་འདྲ་བའི་སློབ་ཕྲུག་རེ་རེར་ཁོ་ཚོ་རང་ཉིད་ལ་དབང་བའི་གར་སྟེགས་རེ་ཐེམ་དུ་བཅུག་པས། དགེ་སློབ་གཉིས་ཀ་བྱ་འགུལ་གང་དང་གང་ལའང་ཞུགས་པར་སྤྲོ་ཞིང་། བྱ་འགུལ་གང་དང་གང་གི་ཁྲོད་ནས་རང་ཉིད་ཀྱི་འཇོན་ཐང་ངོམས་པའི་གོམས་གཤིས་བཟང་བོ་ཞིག་ཆགས་ཡོད་པ་རེད།