《ཨ་བོ་བྱིའུ་ཆུང་ཡིག་རིས་ཀློག་དེབ་དཔེ་ཚོགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:སྐལ་བཟང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-05-27 14:58:00 ཀློག་གྲངས།:

     རྒྱུས་ལོན་པ་ལྟར་ན། 2019ལོའི་ཟླ3པར《ཨ་བོ་བྱིའུ་ཆུང་ཡིག་རིས་ཀློག་དེབ་དཔེ་ཚོགས》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔར་སྐྲུན་བྱས་འདུག བོད་ཁུལ་གྱི་ལོ་ཆུང་བྱིས་པ་རྣམས་ལ་འཚམ་པའི་ཀློག་དེབ་རྒྱུ་ཆ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། གཞི་རིམ་གྱི་རྐང་འཛིན་དགེ་རྒན་དང་ཆེད་ལས་རི་མོ་པ། ན་གཞོན་རྩོམ་པ་པོ་བཅས་ཀྱིས་གྲུབ་པའི་ཨ་བོ་བྱིའུ་ཆུང་ཡིག་རིས་ཀློག་དེབ་རྩོམ་སྒྲིག་ཚན་ཆུང་གིས་རྒྱལ་ཁབ་སློབ་གསོ་པུའུ་ཡིས་བཏོན་པའི《ལོ་གསུམ་ནས་དྲུག་བར་གྱི་བྱིས་པའི་སློབ་སྦྱོང་དང་གསོ་སྐྱོང་མཛུབ་སྟོན》ལྟར། བོད་རིགས་ན་ཆུང་བྱིས་པའི་ཤེས་རྟོགས་ཆོས་ཉིད་ལ་གཞིགས་ཤིང་། མི་རིགས་གཞན་གྱི་ཡིག་རིས་ཀློག་དེབ་གསར་རྩོམ་ཉམས་མྱོང་ལ་ཟུར་བལྟ་བྱས་ཐོག སློབ་གསོ་སེམས་ཁམས་རིག་པའི་ཆེད་མཁས་མི་སྣས་མཛུབ་ཁྲིད་འོག་དུས་ཡུན་ལོ་ངོ་གཉིས་ལྷག་གི་འབད་བརྩོན་བརྒྱུད་ནས་ད་གཟོད་ཡོངས་སུ་གྲུབ་པ་ཞིག་གྲུབ་པ་ཞིག་ཡིན་འདུག

     དཔེ་ཚོགས་འདི་ནི《སྤྲེལ་ཕྲུག་པྲ་ཚག》དང《འབའ་འབའ་ལུ་གུ།》《ཙི་གུ་དང་གླང་ཆེན། 》《ཨ་ཁུ་རྟ་རྒན། 》《རྒྱལ་པོའི་ལྭ་བ། 》བཅས་དེབ་ཆུང་ལྔ་ཡིས་གྲུབ་ཡོད་ཅིང་། བོད་རིགས་ས་ཁུལ་གྱི་ན་ཆུང་བྱིས་པའི་སྐད་ཆའི་ནུས་པ་དང་ལྟ་ཞིབ་ཀྱི་ནུས་པ་སོགས་བསྐྱེད་བསྲིང་བྱ་བར་ཆེད་དུ་དམིགས་ནས་སྒྲིག་རྩོམ་བྱས་པ་ཡིན་འདུག

     “ཨ་བོ་བྱིའུ་ཆུང”ནི་བོད་ཡུལ་རོང་ཕྱོགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་བྱིས་སྒྲུང་ནང་གི་མི་སྣ་གལ་ཆེན་ཞིག་སྟེ། དཔེ་ཚོགས་འདིའི་མིང་ལ་ཨ་བོ་བྱིའུ་ཆུང་ཞེས་བཏགས་དོན་ཡང་ན་ཆུང་བྱིས་པ་རྣམས་ཀྱི་རྒྱུད་ལ་ཁོ་ལྟ་བུའི་དཀལ་ངལ་ལ་མི་འཛེམ་པ་དང་རང་འགོ་རང་གིས་ཐོན་པ། ཕ་མར་དྲིན་གཟོ་ཤེས་པ། མ་འོངས་པའི་ལམ་ཁར་རང་ཤུགས་ཀྱིས་བསྙེག་པའི་མི་གཤིས་བཟང་པོ་ཞིག་ཆགས་པར་སྐུལ་མ་གཏོང་བའི་ཆེད་དུ་ཡིན།

     དཔེ་ཚོགས་འདི་སྒྲིག་རྩོམ་གྱི་གོ་རིམ་ཁྲོད་དུ། ཐོག་མཐའ་བར་གསུམ་དུ་བྱིས་པའི་སྐད་ཆའི་ནུས་པ་དང་ལྟ་ཞིབ་ཀྱི་ནུས་པ་སོགས་བསྐྱེད་བསྲིང་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ་རྒྱལ་ཁབ་ཕྱི་ནང་གི་ཡིག་རིས་ཀློག་དེབ་དང་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་སོགས་ལས་སློབ་གསོའི་རིན་ཐང་ལྡན་ལ་བྱིས་པའི་བློ་ཁ་དང་འཚམ་པའི་ནང་དོན་སྐོར་བདམས་པ་མ་ཟད་སྐད་ཆའི་ཆོས་ཉིད་ལ་གཞིགས་ཏེ་གཏམ་རྒྱུད་ཀྱི་བྱུང་རིམ་དང་ཚིག་སྦྱོར་ཐད་ལ་འགྱུར་བཅོས་བཏང་འདུག་པས། ནང་དོན་ཧྲིལ་པོར་མི་རིགས་རང་བཞིན་དང་རྩོམ་རིག་རང་བཞིན། བྱིས་པའི་རང་བཞིན། ལག་ཆའི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། རི་མོ་དང་ཡི་གེ སྒྲ་གསུམ་མཉམ་དུ་སྦྲེལ་ཏེ་བརྗོད་དོན་ཆ་ཚང་བསྟན་ཡོད། སྒྲུང་དེབ་རེ་རེའི་ཚིག་འབྲུ་ཉུང་ཞིང་གོ་བདེ་ལ་བྱིས་པའི་འཚོ་བའི་ཁྲོད་ཀྱི་རྒྱུན་བཀོལ་སྐད་ཆ་དང་ཐག་ཉེ་བ། ཚོན་ལྡན་རི་མོའི་དེབ་ཚད་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་མ་ཟད་སྔ་ཕྱི་འབྲེལ་ཆགས་པ་བཅས་ཡིན། ད་དུང་ཁ་པར་བཀོལ་ནས་དཔེ་ཆའི་རྒྱབ་ཤོག་ཞབས་ཀྱི“ཉན་ཐོས་འཇུག་ངོགས།”ཞེས་པའི་རྩ་གཉིས་ཨང་བཤེར་མནན་ཚེ་སྒྲ་དང་དྲི་བ་བཀོད་ཡོད་པས། བྱིས་པའི་དཔེ་ཀློག་གི་ནུས་པར་དཔྱད་འཇོག་བྱེད་ཆོག

     ཨ་བོ་བྱིའུ་ཆུང་ཡིག་རིས་ཀློག་དེབ་ནི་བོད་རིགས་བྱིས་པ་རྣམས་ལ་ཕུལ་བའི་སྤུས་ལེགས་ཀློག་དེབ་ཡིན་ལ། རང་གི་ལོ་ཚོད་དང་བསྟུན་ནས་རི་མོ་བལྟ་བའམ་ཡི་གེ་ཀློག་པ། སྒྲ་ལ་ཉན་པ་བཅས་གང་ལ་གང་འཚམ་གྱི་ཀློག་ཐབས་སྤྱད་ན་དེར་མཐུན་གྱི་མྱོང་བ་སྐྱེད་སྲིད་པས། འདི་ཡིས་ཀློག་པ་པོ་དག་གི་ཉན་བཤད་འབྲི་ཀློག་དང་ལྟ་ཞིབ་ཀྱི་ནུས་པ་སོགས་མཐོར་འདེགས་གཏོང་བར་མ་ཟད། དཔེ་ཀློག་གི་ལམ་ཁ་ཡངས་པོར་གོམ་པ་སྤོ་བར་སྐུལ་མ་བྱེད་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།