རྔ་བ་རྫོང་གི་བཀྲ་ཤིས་དགོས་འདོད་ནོར་བུ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་མཉམ་ལས་ཁང་བཙུགས་པ།
ཉེ་སྔོན། སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་གི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་མཉམ་ལས་ཁང་ཐོག་མ་དངོས་སུ་ཚུགས་པ་རེད། བཀྲ་ཤིས་དགོས་འདོད་ནོར་བུ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་མཉམ་ལས་ཁང་ཚུགས་པ་ཡིས་རྔ་བ་བོད་ཁུལ་གྱི་འདིའི་ཕྱོགས་ཀྱི་སྟོང་ཆ་བསྐངས་བ་མ་ཟད། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཉིད་རྔ་བ་བོད་ཁུལ་དུ་རྒྱུད་འཛིན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
དང་ཐོག་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་དཔུང་སྡེ་འདི་ནི་དཀའ་སྡུག་ཀྱག་ཀྱོག་གི་གནས་བབ་འོག་ཏུ་འཚོ་གནས་བྱས། ཁུལ་དང་རྫོང་རིམ་པའི་དབུ་ཁྲིད་རྣམ་པས་ཁོང་ཚོའི་དངོས་ཡོད་ཀྱི་དཀའ་ཁག་རྒྱུས་ལོན་བྱས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོའི་དཀའ་ཁག་ཐག་གཅོད་བྱས་པ་མ་ཟད། ཐེངས་མང་པོར་ཁོང་ཚོའི་བཟོ་ལས་ས་ཚིགས་སུ་ཕེབས་ནས་འབྲེལ་ཡོད་སྨྱན་སྦྱོར་ཚན་པ་རྩ་འཛུགས་བྱས་ནས་རྒན་པོ་འཇམ་དབྱངས་དང་ཁོང་གི་བོད་ཀྱི་ལག་ཤེས་བཟོ་ལས་ཀྱི་དཔུང་སྡེ་དྲིལ་བསྒྲགས་བྱས། ད་དུང་མཉམ་ལས་ཁང་འདི་འཛུགས་པར་བཟོ་ཚོང་དང་ཁྲལ་དོན་སྡེ་ཁག་སོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པར་འདུམ་གནང་ཅི་ཐུབ་བྱས་པ་རེད།
མཉམ་ལས་ཁང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁོ་ནར་ཡོད་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ཤིག་ཡིན་པའི་ཆ་ནས། ངལ་རྩོལ་ནུས་ཤུགས་གཅིག་སྡུད་དང་། ཐོན་སྐྱེད་ཀྱི་མ་རྩ་ཇེ་དམའ་རུ་གཏོང་ཐུབ་པ། དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་རག་ཐུབ་པའི་དམིགས་བསལ་གྱི་དགེ་མཚན་ལྡན་པ་རེད། བོད་ཁུལ་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་མཉམ་ལས་ཁང་འདི་ཚུགས་པ་ཡིས། ས་དེའི་ངལ་རྩོལ་ནུས་ཤུགས་དང་ཐོན་སྐྱེད་ཐོན་ཁུངས་ཚད་མཐོན་པོས་བསྡུ་ལེན་བྱས་ཆོག་ལ། བཟོ་ལས་འདི་སྔར་ལས་ལེགས་ཤིང་སྔར་ལས་བརྟན་པོའི་ངང་རྒྱུད་འཛིན་དར་སྤེལ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད་པ་རེད།
མཉམ་ལས་ཁང་གི་ཁྲིམས་མི་ཐོག་མ་ཡིན་པའི་རྒན་པོ་འཇམ་དབྱངས་ཀྱིས་སེམས་འགུལ་ཐེབས་པའི་ངང“དེ་རིང་བདག་གི་ལོ་གང་མང་རིང་གི་ཕུགས་བསམ་དངོས་སུ་མངོན་འགྱུར་བྱུང་སོང་། ང་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ལག་ཤེས་འདི་མི་རབས་ནས་མི་རབས་བར་རྒྱུད་འཛིན་དར་སྤེལ་བཏང་སྟེ། ས་དེའི་མང་ཚོགས་གང་མང་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་ངེས་ཡིན། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་བོད་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པས། ཁུལ་དང་རྫོང་རིམ་པའི་དབུ་ཁྲིད་རྣམས་ཐེངས་མང་པོར་ངེད་ཚང་དུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་བྱས། དེ་རིང་དེ་དག་ཚང་མ་དངོས་སུ་མངོན་འགྱུར་བྱུང་སོང་། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་བོད་མི་རིགས་ལ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་བ་དང་། ང་ཚོས་ཀྱང་རང་ཉིད་ཀྱི་ཡིད་ཆེས་ལ་བརྟེན་ནས་རྩ་ཆེ་བའི་གཅེས་ནོར་འདི་མུ་མཐུད་དུ་རྒྱུད་འཛིན་བྱ་ངེས་ཡིན། ”ཞེས་བཤད།
ཐོག་མའི་གཟུགས་དབྱིབས་གྲུབ་པའི་སྐུ་འདྲ་རེ་རེ་བཟོ་ལས་ཁང་ཆུང་ཆུང་དེའི་ནང་དུ་བརྟན་པོར་འགྲེང་ཡོད་པས། དུས་རྒྱུན་ཆེས་སྤྱིར་བཏང་བ་ཡིན་པའི་དམངས་སྤྱོད་ཀྱི་ཁང་བ་འདི་ལའང་གསོན་ཤུགས་གསར་བ་རྒྱས་འདུག སྐུ་འདྲ་འདི་དག་ཉིན་འགའི་སྔོན་དུ་སྒྲིག་བཟོ་རགས་ཙམ་བྱས་ཚར་བ་དང་། དེ་མུར་ཚ་ལ་རྒྱག་པ་དང་གསེར་ཚོན་འབྱུག་རྒྱུ་ཡིན་པ་རེད།
རྫོང་འདིའི་འགོ་བ་ཡིས་དབུ་ཚུགས་མཛད་སྒོའི་སྟེང་དུ་བསྟན་དོན། རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད་དུ། ཡུལ་སྐོར་དང་རིག་གནས་སྡེ་ཁག་སོགས་དང་གྲོས་མོལ་བྱས་ཏེ། བཀྲ་ཤིས་དགོས་འདོད་ནོར་བུ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ནི་རྔ་བ་རྫོང་གི་མི་རིགས་ཡུལ་སྐོར་ཚོང་རྫས་རྩ་ཆེན་ཞིག་ལ་བརྩིས་ཏེ་ཚོང་རར་བཀྲམ་ནས། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་དཔུང་སྡེ་འདིའི་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཆེར་གཏོང་ངེས་ཡིན་ཞེས་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com