བྲེ་སེར་འབྲོང་རྒྱུད་བླངས་ཏེ་སྒོ་ཕྱུགས་ཀྱི་རིགས་རྒྱུད་མ་ལག་མཐོར་འདེགས་སུ་བཏང༌བ།
འགོ་བརྗོད།
བོད་མི་རིགས་ནི་རང་རྒྱལ་གྱི་གནའ་བོའི་མི་རིགས་ཁྲོད་ཀྱི་གཅིག་ཡིན་ལ། གནའ་རབས་ལོ་རྒྱུས་ཡིག་ཚགས་ལ་གཞིགས་ན། ལོ་ངོ་ལྔ་སྟོང་སྔོན་གྱི་རྡོ་ཆས་གསར་བའི་དུས་རབས་སུ་བྱུང་ཞིང༌། རང་མི་རིགས་འདིའི་ཡབ་མེས་མཚོ་བོད་མཐོ་སྒང་དུ་འཚོས་ཤིང་རྒྱུད་སྤེལ་བྱུང་བ་ལ། བོད་མི་རིགས་ཀྱི་དུས་ཡུན་རིང་བའི་ལོ་རྒྱུས་གཏམ་རྒྱུད་འདི་བྱུང་བ་རེད། བོད་མི་རིགས་ཀྱི་ཡབ་མེས་མང་ཆེ་བ་མཐོ་སྒང་གི་འབྲོག་ཁུལ་དུ་གཞིས་བཅོས་ཏེ། རུ་བ་སྤོ་བའི་ཚོ་བ་གྲུབ་ཅིང༌། རུ་སྤོ་ཐོན་སྐྱེད་ཀྱི་ལས་གཉེར་བཞིན་ཡོད་ལ། ནོར་གནག་སྟེ། འབྲི་གཡག་ནི་རང་མི་རིགས་ཀྱི་འཚོ་རྟེན་ཁོ་ནར་གྱུར་ཡོད་པ་དང༌། བྲེ་སེར་འབྲོང་རིགས་རྒྱུད་འདིའི་རྒྱན་གཅིག་པུར་གྱུར་ཡོད།
གཞུང་དངོས།
ཆེད་མཁས་པས་སྡོམ་རྩིས་བྱས་པ་ལྟར་ན། འབྲི་གཡག་འཚོ་སྡོད་བྱེད་ས་གཙོ་བོ་ནི་མཚོ་བོད་མཐོ་སྒང་གི་རི་རྒྱུད་ཉེ་འདབས་ཡིན་ཞིང༌། གནས་འདིར་འབྲི་གཡག་སྡོམ་པས་བྱེ་བ་གཅིག་ས་ཡ་གསུམ་ལྷག་གསོ་སྤེལ་བྱེད་ཀྱིན་ཡོད་པ་དང༌། འཛམ་གླིང་གི་འབྲི་གཡག་སྤྱིའི་གྲངས་ཀ་ལས་བརྒྱ་ཆའི་85ཡན་ཟིན་པ་རེད། དེ་ནི་མཚོ་སྔོན་དང༌། བོད་ལྗོངས། ཟི་ཁྲོན་གྱི་ནུབ་བྱང་གི་མཚམས་དང༌། ཀན་ལྷོ། ཡུན་ནན་སོགས་བོད་རིགས་འདུས་སྡོད་བྱེད་སའི་འབྲོག་ཁུལ་གྱི་ཕྱུགས་རིགས་གཙོ་བོ་ཡིན། རང་བྱུང་གི་ཆག་འཇིག་དང༌། སྤྱི་ཚོགས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་དུས་ཡུན་སོགས་ཀྱི་ཤུགས་རྐྱེན་འོག སྒོ་ཕྱུགས་འདིའི་ཐོན་སྐྱེད་ཀྱི་གཤིས་ནུས་དམའ་ཞིང༌། ཐོན་སྐྱེད་ཀྱི་དུས་ཡུན་རིང་བས། རིགས་རྒྱུད་གྲུབ་ཚུལ་ལ་འགྱུར་ལྡོག་མེད་པ་རེད། གནས་ཚུལ་འདིར་དམིགས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་དོ་མཉམ་ཡོང་རྒྱུ་དང༌། ནོར་གནག་གི་རིགས་རྒྱུད་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུ། དེར་མ་ཟད་རིན་ཐང་ཆེ་བའི་འབྲི་གཡག་གི་ཤའི་ཐོན་སྐྱེད་ནུས་པ་ཇེ་ལེགས་སུ་གཏོང་རྒྱུའི་ཆེད་དུ། ཕྱོགས་ཡོངས་ནས་འབྲོག་ཁུལ་སོ་སོ་རུ་འབྲོང་རྒྱུད་གསོ་སྤེལ་ས་ཚིགས་བཙུགས་ཏེ། སྒོ་ཕྱུགས་ཀྱི་རིགས་རྒྱུད་མ་ལག་མཐོ་རུ་གཏོང་བའི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱེད་ཀྱིན་ཡོད།
ཐེམ་ཆེན་རྫོང་ལུང་དམར་ཤང་ར་འཁྱོག་སྐྱེ་ཁམས་ཕྱུག་ལས་མཉམ་ལས་ཁང་ལ་མཚོན་ན། ན་ནིང་སྟེ། སྤྱི་ལོ2010ལོའི་ཟླ10ནང་བཙུགས་པ་ཡིན་ལ། མཉམ་ལས་ཁང་འདིའི་ལས་གཞི་གཙོ་བོ་ནི་འབྲོང་རྒྱུ་བླངས་ཏེ་འབྲི་གཡག་གི་རྒྱུ་སྤུས་མཐོ་རུ་གཏོང་རྒྱུ་དེ་རེད། ལུང་དམར་ས་ཁུལ་གྱི་མཐོ་སྒང་ལ་མཚོན་ན་འབྲོང་འདུས་སྡོད་བྱེད་སའི་གནས་ཤིག་ཡིན་པས། ཤང་འདིའི་འབྲོག་མི་རྒན་པ་ལྷ་སྙིང་རྒྱལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་གོ་སྐབས་ཤོར་དུ་མ་བཞག་པར། གཅིག་ནས་རང་ལ་སྒོ་ཕྱུགས་ཀྱི་ཐོན་ཁུངས་མོད་པ་དང༌། གཉིས་ནས་རང་ས་ཆ་རུ་འབྲོང་གི་ཐན་ཁུངས་ཡོད་པ་གཉིས་ལ་དམིགས་ནས་འབྲོང་རྒྱུད་གསོ་སྤེལ་བྱེད་སའི་ལས་གཞི་འདི་སྒྲུབ་འགོ་བརྩམས།
བཅར་ལན། ལྷ་སྙིང་རྒྱལ། ལས་འཛིན་ལྷན་ཚོགས་ཀྱི་འགོ་གཙོ།
མཚོ་བོད་མཐོ་སྒང་ནི་འབྲོང་འཚོ་སྡོད་བྱེད་གནས་ཀྱི་ས་ཁུལ་གཙོ་བོ་ནང་གི་གཅིག་ཡིན་ལ། འབྲོང་ནི་མཚོ་བོད་མཐོ་སྒང་དུ་ཡོད་པའི་ཁྱད་འཕགས་ཅན་གྱི་རི་དྭགས་དང་ཆེས་རྩ་ཆེ་བའི་གནག་ཕྱུགས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང༌། རྒྱུན་དུ་འཚོ་གཞིས་བཅའ་སའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཡིན། འབྲོང་གི་གཟུགས་གཞི་སྤྱིར་བཏང་གི་སྒོ་ཕྱུགས་ནོར་ནག་གི་གཟུགས་གཞི་ལས་ལྡབ་འགྱུར་གྱི་ཆེ་བ་མ་ཟད། ད་དུང་རྭ་ཅོ་སྦོམ་ཞིང་སྣུམ་ནག་གེར་ཡོད་ལ། འབྲོང་རྭ་ཡི་དབྱིབས་ནི་ཆུང་ངུའི་དུས་དང་དར་མའི་དུས་སུ་སྒོར་མོའི་དབྱིབས་སུ་མགོ་ནས་གྱེན་དུ་ལངས་ཡོད་པ་དང༌། ལོ་ན་ཅུང་རྒས་ཚེ། གདོང་ངོས་སུ་ཅུང་ཙམ་ཅུང་ཙམ་བསྐུམ་ཏེ་སྒོར་དབྱིབས་སུ་ཡོད་པར་མ་ཟད། རྭ་རྩེ་སྣེ་མོ་གཉིས་ཡར་འཁྱིལ་ཡོད་པ་ནི་ཕལ་ཆེར་སྟག་ཤར་ཞིག་གི་དཔུང་ལག་གཉིས་ཡར་བཀྱག་ཡོད་པ་དང་ཆེ་ཆུང་འདྲ་མཚུངས་སུ་ཡོད།
འབྲོང་རྒྱུད་ལེན་རྒྱུ་ནི་ལས་ཧ་ཅང་དཀའ་ཞིང་ཉེན་ཁའང་ཆེ་བའི་ལས་ཞིག་ཡིན་ནའང༌། རྒན་པོ་ལྷ་སྙིང་རྒྱལ་གྱིས་རང་གི་ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་རྒྱུ་དང་རིན་ཐང་ཆེ་བའི་མཐོ་སྒང་གི་ནོར་ནག་གི་རྒྱུད་རྒྱུན་འཛིན་བྱེད་པ། དེ་ལས་གཞན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་དྭགས་གྲས་ཀྱི་རི་དྭགས་རྩ་ཆེན་འདིར་སྲུང་སྐྱོབ་བྱེད་རྒྱུ་རང་འཁྲིའི་ལས་འགན་དུ་བཟུང་བའི་ཞོར་དུ་འབྲོང་གི་ཐོན་ཁུངས་བེད་སྤྱད་དེ་རྗེས་ཕྱོགས་མང་ཚོགས་ཀྱི་འཚོ་བ་ཇེ་བདེ་ཇེ་སྐྱིད་ཡོང་བ་བཅས་ལ་དམིགས་ཏེ། དཀའ་བ་རྒྱབ་ཏུ་བསྐྱུར་ཞིང༌། བདེ་བ་རྒྱང་དུ་བསྲིང་ནས། རུ་ཁག་གི་མང་ཚོགས་རྩ་འཛུགས་དང་སྣེ་ཁྲིད་འོག འབྲོང་རྒྱུད་གསོ་སྤེལ་ས་ཚིགས་འདི་མངོན་འགྱུར་བྱུང༌། རྒྱུས་ལོན་པ་ལྟར་ན། ཁོ་ཚོས་ར་འཁྱོག་ཞེས་འབོད་པའི་རྫ་རྒྱུད་འདིའི་ཉེ་འགྲམ་དུ་འབྲོང་བཞི་ཅུ་ལྷག་ཡོད་ལ། ན་ནིང་འབྲོང་15ནོར་ཁྱུ་ལ་འབྱོར་བྱུང་ཟེར། རྒན་པོ་ལྷ་སྙིང་རྒྱལ་གྱིས་བཤད་པ་ལྟར་ན། སྤྱི་ལོ2010ལོའི་ཟླ10པ་ནས་བཟུང་ཏེ2011ལོའི་ཟླ6པའི་ཟླ་དཀྱིལ་བར་དུ། འབྲོང་རྒྱུད་ཀྱི་བེའུ་ལི235བཙས་ཡོད་པ་དང༌། འབྲི་མོ310ཡོད་པའི་ནང༌། འབྲོང་རྒྱུད་བླངས་ཚད་བརྒྱ་ཆའི76ཟིན་པས། དུས་ཡུན་ཐུང་ངུའི་ཚོད་ལྟར་འབྲས་བུ་ཡག་པོ་སྨིན་ཡོད་ཟེར།
རྒྱུས་ལོན་པ་ལྟར་ན། ད་ལྟ་མཉམ་ལས་ཁང་འདིར་ཞུགས་ཡོད་པའི་ཁྱིམ་ཚང་བརྒྱད་ལས་མེད་ནའང༌། ཁོས་ཚོད་ལྟ་འདིས་འབྲོང་རྒྱུད་ལེན་པར་དངོས་ཡོད་ཀྱི་ར་སྤྲོད་ཅིག་བྱས་ཡོད་པས། ཁྱིམ་ཚང་གཞན་ནམ་ཡང་ན་རུ་ཁག་གཞན་པ་རྣམས་ཀྱང་འབྲོང་རྒྱུད་གསོ་སྤེལ་མཉམ་ལས་ཁང་དུ་ཞུགས་འདོད་ཀྱི་འདུན་པ་སྐྱེས་ཀྱིན་ཡོད་པ་རེད། མིག་སྔར་མཉམ་ལས་ཁང་གི་དངོས་ཡོད་ཀྱི་ནོར་ནག638ཡོད་པའི་ནང༌། ཕོ་ཕྱུགས30ལྷག་ཕྱིར་འཚོང་བྱས་པ་དང༌། འབྲི་མོ230འབྲོང་རྒྱུད་ལེན་པར་བཞག་ཡོད་ཅིང༌། འབྲོང་ཚབ་གསུམ་ཕྱུགས་ཁྱུ་དུ་བསྐྱུར་ཡོད། འདི་ནི་འབྲོང་བེའུ་ཞིག་ཡིན་ཞིང༌། བཙས་ནས་ཟླ་གཉིས་མ་གཏོགས་འགོར་མེད་པ་རེད། ཁོ་ཚོས་བཤད་པ་ལྟར་ན། འབྲོང་བེའུ་ཆུང་ངུའི་དུས་ནས་མིར་ལོབ་ཏུ་མ་བཅུག་ན་ནར་སོན་ཚེ་ཁ་ལོ་བཏུལ་མི་ཐུབ་པས། དེ་ནི་གཞུག་གི་གནད་དོན་གལ་ཆེན་ཞིག་ཡིན་ཟེར། རྒྱུ་མཚན་འབྲོང་རྒྱུད་བླངས་ཏེ། འབྲོང་བེའུ་དང་འབྲོང་ཚབ་མང་པོ་ཁ་ལོ་བཏུལ་ནས་ཕྱུགས་ལས་ཐོན་བྱེད་མ་ཐུབ་ཚེ། འབྲོང་རྒྱུད་སྤེལ་བར་དོན་སྙིང་མེད་པས། འབྲོང་བེའུ་རྣམས་ཆུང་དུས་སུ་སྒོ་ཕྱུགས་གྲལ་དུ་འདུལ་གསོ་བྱེད་དགོས་པ་རེད།(འབྲོང་བེའུ་ལ་འོ་མ་ལྡུད་པའི་རྣམ་པ)
བཅར་ལན། ཚེ་རིང་རྒྱལ། ལུང་དམར་ཞང་མི་དམངས་སྲིད་གཞུང་གི་ཧྲུའུ་ཅི་གཞོན་པ།
ཉིན་གཅིག་ལ་མཉམ་དུ་བཙས་བའི་འབྲོང་བེའུ་དང་སྤྱིར་བཏང་གི་འབྲི་མོའི་བེའུ་ལི་རྣམས་བསྡུར་ཚེ། ང་ཚོར་ཡིད་མི་ཆེས་བའི་ཐེ་ཚོམ་དབང་མེད་དུ་སྟེར་བ་ནི་ད་ལྟ་མིག་ལམ་དུ་མཐོང་བཞིན་པ་ཇི་བཞིན་ཡིན་ལ། ཁུལ་ཕྱུགས་ལས་ཅུའུ་ཡི་ཕྱུགས་རིགས་གསལ་འབྱེད་པས་རྒྱུད་མི་འདྲ་བའི་བེའུ་ལི་འདི་གཉིས་ཀྱི་གཟུགས་གཞི་ཆེ་ཆུང་དང་ལྗིད་ཚད་ལ་ཚད་འཇལ་ཞིབ་ལེན་བྱས་པ་ལྟར་ན། ཉིན་གཅིག་ལ་མཉམ་དུ་སྐྱེས་པའི་བེའུ་འདི་གཉིས་ཀྱི་ཆེ་ཆུང་དང་ལྗིད་ཚད་ལ་ཧེ་བག་ལྡབ་གཅིག་ཡོད་པ་ང་ཚོས་མཐོང་སྣང་དུ་མངོན་པ་འདིའོ།
བཅར་ལན། འཇམ་དབྱངས། མཉམ་ལས་ཁང་གི་རྩིས་གཉེར་བ།
འབྲོང་རྒྱུད་གསོ་སྤེལ་བྱས་ཏེ། སྒོ་ཕྱུགས་ཀྱི་རིགས་སྣ་ལེགས་བཅོས་བྱེད་པའི་དོ་དམ་མ་ལག་གི་ལམ་ལུགས་ཆགས་པ་འདི་ནི་ནོར་ནག་གི་ཐོན་སྐྱེད་གཤིས་ནུས་མཐོ་རུ་གཏོང་བར་ཚན་རིག་གིས་སྣེ་ཁྲིད་པ་ཡིན་ལ། འབྲོང་རྒྱུད་བླངས་ནས་སྒོ་ཕྱུགས་ཀྱི་རྒྱུད་གོང་སྤེལ་བྱེད་པའི་དུས་མཚུངས་སུ་འབྲོང་འདུལ་གསོ་བྱེད་པ་དང་འབྲོང་རྒྱུད་ཀྱི་ཐོན་ལས་ཐོན་ཁུངས་བེད་སྤྱོད་བྱེད་པར་སྒྲོམ་གཞི་ཞིག་བཟོས་པ་མཚོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com