མཚོ་ལྷོ་ཁུལ་གྱིས་གནས་སྐོར་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་གོང་སྤེལ་གྱི་དགེ་མཚན་གསར་བ་འདོན་སྤེལ་བྱེད་པ།
མཚོ་ལྷོ་ཁུལ་གྱིས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་སྐུལ་སྤེལ་བྱེད་པ་དང་འབྲེལ་ནས་མཚོ་ལྷོའི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་འཛུགས་སྐྲུན་བྱས་ཏེ་གནས་སྐོར་ལས་རིགས་ལ་སྔ་ནས་འཕེལ་རྒྱས་ཆེན་པོ་འབྱུང་བ་སྟེ། ཟླ1པོ་ནས9པའི་བར་ཁུལ་ཡོངས་ཀྱིས་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི131ལྷག་སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར1.58ལ་བསླེབས་པས་དུས་མཉམ་ལས72%དང99.5%ཡིས་འཕར་སྣོན་བྱུང་བ་རེད།
མཚོ་ལྷོས་རང་ས་གནས་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་ཁོར་ཡུག་དང་། ལོ་རྒྱུས། རིག་གནས་སོགས་ཁྱད་དུ་འཕགས་པའི་ཐོན་ཁུངས་ལ་བརྟེན་ནས་ཁྲི་ཀའི་རིག་གནས་གསར་འདོན་ཐོན་ལས་གླིང་ག་དང་། མཚོ་ལྷོ་ཁུལ་རྨ་ཆུའི་གྲོག་རོང་གི་གནས་སྐོར། ཆབ་ཆའི་བོད་ཀྱི་རིག་གནས་གསར་འདོན་ཐོན་ལས་གླིང་ག་སོགས་ཀྱི་ཆེད་ཚན་འཆར་བཀོད་ལེགས་འགྲུབ་བྱུང་ཞིང་། གནས་སྐོར་ཐོན་ལས་ཡང་སྙིང་དུ་བྱས་པའི་ཐོན་ལས་གྲུབ་ཚུལ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ་མགྱོགས་མྱུར་སྒོས་སྤེལ། ད་ལོར་ཁུལ་ཡོངས་སུ་གནས་སྐོར་ལས་གཞི་ཁག36ལག་བསྟར་བྱས་པ་ལས། གསར་སྤེལ་བྱས་པ་ཁག23དང་རྒྱུན་སྤེལ་བྱས་པ་ཁག13ཡོད་པ་རེད། མིག་སྔའི་བར་དུ་མ་དངུལ་སྒོར་དུང་ཕྱུར4.8བཏང་ནས་གསེར་ཆེན་རྫོང་བོད་བརྒྱུད་ནང་བསྟན་དམངས་སྲོལ་རིག་གནས་སྡེ་བ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྤྲོ་སྐྱིད་གླིང་སོགས་གནས་སྐོར་མཛེས་ལྗོངས24ཡི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར2བཏང་བའི་ཆབ་ཆའི་བོད་ཀྱི་རིག་གནས་གསར་འདོན་ཐོན་ལས་གླིང་གའི་འཛུགས་སྐྲུན་ལས་གཞིའི་ལས་འགོ་བརྩམས་ཤིང་། ཁྲི་ཀའི་གནའ་མཁར་སྲུང་སྐྱོབ་ཞིག་གསོ་དང་རྨ་ཀློང་དྭངས་མོའི་གནས་སྐོར་གྱི་ཕྱོགས་བསྡུས་འདོན་སྤེལ་སོགས་ཀྱི་ལས་གཞི་ཡང་འཛུགས་སྐྲུན་བྱེད་སྒང་ཡིན་པ་རེད། རིག་གནས་དང་གནས་སྐོར་གཉིས་ལེགས་པོར་འབྲེལ་མཐུད་བྱེད་པར་དམིགས་ནས“རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག”དང་། “ཆུ་དང་ཚེ་སྲོག”ཞེས་པའི་བརྗོད་གཞིའི་རོལ་ཚོགས། “བྲག་འཛེགས་འགྲན་སྡུར” “དགུན་དུས་ཀྱི་རྨ་ཆུ་འཕྲེད་རྐྱལ་འགྲན་སྡུར”སོགས་ཞིང་ཆེན་ཕྱི་ནང་དུ་མཚན་སྙན་ཆེ་བའི་རིག་རྩལ་བྱ་འགུལ་གང་མང་སྤེལ་བར་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ཁངCCTV4《མཚོ་ལྷོར་སྐྱོད་པ》ཞེས་པའི་མུ་འབྲེལ་བརྙན་འཕྲིན་ཆེད་དོན་ལེ་ཚན་བརྙན་ཕབ་བྱས་ཏེ་མཚོ་ལྷོའི་གནས་སྐོར་གྱི་སྙན་གྲགས་དང་གཟི་དཔལ་ཇེ་རྒྱས་སུ་བཏང་། ཁུལ་ཡོངས་སུ་སྙན་གྲགས་ཅན་གྱི་གནས་སྐོར་མཛེས་ལྗོངས38ཡོད་པ་དང་ཚད་རིམ་ཅན་གྱི་མགྲོན་ཁང9ཡོད་ལ། ཁྲི་ཀ་རྫོང་དེ་རྒྱལ་ཁབ་ཀྱིAAAAརིམ་པ་ཅན་གྱི་གནས་སྐོར་མཛེས་ལྗོངས་སུ་བདམས། མཚོ་སྔོན་པོའི་མཐའ་འཁོར་གྱི་གནས་སྐོར་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་བ་ལེགས་པོར་སྤེལ་ཞིང་། མ་དངུལ་སྒོར་དུང་ཕྱུར1.2བཏང་ནས་མཚོ་སྐོར་ཞང་གྲོང་བཞིའི་ཞིག་གསོ་དང་། སྲང་ལམ་ལེགས་བཅོས། གད་སྙིགས་གཙང་ཕྱགས་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས་མཚོ་སྔོན་པོའི་གནས་སྐོར་ཁོར་ཡུག་གི་སྣང་བརྙན་གསར་པ་ལེགས་པོར་བསྐྲུན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com