ལྷ་ས་ན་དགའ་བསུ་བྱེད་བཞིན་པའི་འཛད་སྤྲོད་ཇ་ཁང་།
ལྷ་ས་ན་དགའ་བསུ་བྱེད་བཞིན་པའི་འཛད་སྤྲོད་ཇ་ཁང་།
བོད་གངས་ཅན་ལྗོངས་ཀྱི་ཡུལ་དབུས་ལྷ་ལྡན་དགའ་བའི་ཚལ་གྱི་ལྟེ་བ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཡས་གཡོན་དུ་གྲགས་ཅན་གྱི་སྒམ་ཆུང་ཇ་ཁང་དང་། འཛད་སྤྲོད་ཇ་ཁང་། ཀླུ་སྒུག་ཇ་ཁང་སོགས་ཇ་ཁང་ཤིན་ཏུ་མང་། ཇ་ཁང་དེ་རྣམས་སུ་སྐྱེ་བོ་ཕོ་མོ་རྣམས་སྔ་དྲོ་དགོང་ཞོགས་དང་། ལས་ཀའི་བར་གསེང་སོགས་སུ་ངལ་གསོ་ཞིང་བློ་བདེ་བག་ཡངས་ཀྱིས་རང་དབང་གི་བར་སྟོང་ལ་སྤྲོ་སྣང་གི་གཤོག་རྩལ་ཅི་དགར་ངོམ་སའི་གནས་ཤིག་ཡིན། དེའི་ནང་ནས་འཛད་སྤྲོད་ཇ་ཁང་དེ་ནི་གཞི་རྒྱ་ཆེ་ལ་མི་ཚོགས་མང་ཤོས་དང་ཇ་མངར་མོ་ཤིན་ཏུ་ཞིམ་པའི་ཇ་ཁང་ཞིག་ཡིན་སྟབས། མི་རྣམས་དུས་ཀྱི་ཁོམ་པ་ཅི་ཡོད་ལ་ཇ་ཁང་དེར་ཁ་ཕྱོགས་ཏེ་འཚང་ཁ་ཤིག་ཤིག་གིས་ཇ་མངར་མོ་འཐུང་བར་བསྐྱོད་ཀྱི་ཡོད།
དེ་ཡང་ཕྱི་ཚུལ་ནས་བལྟས་ན་ཇ་ཁང་གི་བཀོད་པ་མཛེས་ལ་དཀར་ཆ་དོད་ཅིང་ཡིད་དབང་འཕྲོག་པ་ཞིག་མེད་ལ། སྒྲིག་ཆས་ལེགས་ཤིང་སྒྲོག་ཙེ་སྤུས་ཀ་དག་པ། སྐུབ་སྟེགས་འབོལ་པོ་དེ་བས་མེད། ཞབས་ཞུའི་རྣམས་གྲངས་ཀྱི་ངོས་ནས་བརྗོད་ན་རྒྱ་ཟས་ལེའུ་བཅོ་བརྒྱད་ཟ་རྒྱུ་མེད་ལ་བོད་ཟས་རོ་བརྒྱའི་བཅུད་ལ་འགྲན་པ་ལྟ་བུ་ཡང་མེད། འོན་ཏེ། བོད་རིགས་སྐྱེ་བོ་མཆོག་དམན་བར་གསུམ་གྱིས་བཟའ་བཏུང་ཆོག་པའི་ཚགས་ཤའི་རོ་བྲོ་བའི་བོད་ཐུག་དང་། ཕག་ཤའི་བཅུད་ཡོད་པའི་རྒྱ་ཐུག སྐྱུར་གྱི་རོ་མཆོག་ལྡན་པའི་སོན་ལ་ཕུག པ་ཏིའི་དྲི་བསུང་འཐུལ་ཞིང་རོ་མཆོག་ཏུ་ཞིམ་པའི་གསོལ་ཇ་མངར་མོ་བཅས་ནི་ཇ་ཁང་དེའི་ཐོན་ཁུངས་ཡིན་ལ་རིན་གོང་ཡང་ཧ་ཅང་འཚམ་པ་ཞིག་ཡོད་པ་སྟེ། བོད་ཐུག་ཕོར་པ་གང་རེར་སྒོར3དང་སྒོར་ཟུར5ཡིན་པ། རྒྱ་ཐུག་ཕོར་པ་རེར་སྒོར4རེ་ཡིན་པ། ཇ་མངར་མོ་ཤེལ་ཕོར་རེར(གྷི་ལ་སི)སྒོར་ཟུར5རེ་སྤྲོད་དགོས། ད་དུང་བདེ་ལྕག་འཁྱུག་ལ་ཇ་འདེགས་པར་བྱང་ཆུབ་པའི་ཇ་མ་རྣམས་ཀྱིས་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ནས་དགོང་དྲོ་ཆུ་ཚོད་བདུན་པ་ཡོལ་ཙམ་བར་རྒྱུན་ཆད་མེད་པར་སྐྱེ་བོ་ཐམས་ཅད་ལ་ཉེ་རིང་མེད་པར་ཇ་བླུག་པའི་སྙིང་སྟོབས་དང་དཀའ་སྤྱད་ལ་རྗེས་སུ་ཡི་རངས་བྱ་འོས་པ་ཞིག་ཡོད།
ཇ་འཐུང་མཁན་གྱི་ངོས་ནས་བརྗོད་ན་མཐོ་བ་དཔོན་ནས་དམའ་བ་མི་སེར་དཀྱུས་མ་ཡན་གྱི་སྐྱེ་བོ་ཡོད་དོ་ཅོག་ཇ་ཁང་དེར་འཛོམས་ཀྱི་ཡོད་ལ་མི་རིགས་ཀྱི་དབྱེ་བ་མེད་པར་བོད་རིགས་དང་། རྒྱ་རིགས། འཇར་པན། ཀུ་རི་ཡ། དེ་བཞིན་ཕྱི་གླིང་པ་རྣམས་ཀྱང་ཇ་ཁང་དེའི་ནང་ཕེབས་ནས་ཇ་མངར་མོའི་བཅུད་ལ་ལོངས་སྤྱོད་བྱ་བཞིན་ཡོད། ལྷག་པར་བོད་རིགས་རྣམས་དེ་འདྲའི་ཇ་མངར་མོ་འཐུང་རྒྱུར་དང་ཞེན་ཡོང་བའི་རྒྱུ་རྐྱེན་གཅིག་ནི་རང་གི་གྲོགས་པོ་དང་། གྲོགས་མོ། ལས་རིགས་གཅིག་པ་སོགས་ཚོ་ཆུང་སོ་སོ་བྱས་ཏེ་རང་གི་སྤྱི་ཚོགས་ཀྱི་ཉམས་མྱོང་དང་། གསར་འགྱུར་འདྲ་མིན་སྣ་ཚོགས་གང་འདོད་དུ་གླེང་ཞིང་། ལ་ལ་ནི་རང་གི་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་དང་སེམས་ནད་དག་མ་གསང་ལྷུག་པོར་བརྗོད་པ། ཁ་ཤས་ནི་ཤེས་ཡོན་དང་རིག་གཞུང་བགྲོ་གླེང་ལ་དབྱིངས་འཕར་བ། འགའ་ཞིག་ནི་མ་ཅང་བརྒྱབ་བརྒྱབ་དང་། སྦི་རག་བཏུང་བཏུང་གི་གཏམ་རྒྱུད་ལུ་གུ་བརྒྱུད་ལྟར་སྤེལ་ཏེ་ཐ་ན་དུས་ཚོད་ཀྱང་ཇི་ལྟར་འགྲོ་མིན་མ་ཤེས་པར་ཡུད་ཙམ་ཞིག་ལ་ཆུ་ཚོད་ཁ་ཤས་འདས་ཟིན།
དེ་ལྟ་བུའི་འཚོ་བའི་ཁོར་ཡུག་ནི་བོད་རིགས་རྣམས་ལ་མེད་དུ་མི་རུང་བ་ཞིག་ཡིན་པའི་རྟགས་ལས་གསོལ་ཇ་མངར་མོ་མཆོད་པར་ཕེབས་ཤོག་ཅེས་པའི་གླུ་གཞས་ཀྱང་ཡོད་པ་འདི་ལྟ་སྟེ། ཁ་ཅིག་སྐོམ་པའི་དུས་ལ། ། ཇ་ལས་ཞིམ་པ་མི་འདུག ། ཧུབ་གང་བཏུང་བ་ཙམ་གྱིས། ། ལུས་སེམས་བདེ་ལ་འཁོད་སོང་། །ཞེས་དང་། གསོལ་ཇ་མངར་མོ་མཆོད་མཁན། ། ལས་མེད་རེད་ཅེས་མ་གསུངས། ། ཡ་གིའི་མི་ཆེན་དཔོན་པོ། ། མཛད་འཕྲིན་གང་འདྲ་ཡོད་མིན། ། མ་གིའི་འབངས་དང་མི་སེར། ། སྐྱིད་སྡུག་གང་འདྲ་ཡོད་མིན།། ཡ་མཚན་གསར་འགྱུར་གསན་ན། ། ཇ་ཁང་ནང་དུ་ཕེབས་ཤོག ། ཡང་། ཁྱོད་ལ་སེམས་ནད་ཡོད་ན། ། སྐུ་རྐྱང་ནང་ལ་མ་བཞུགས། ། ཇ་ཁང་ནང་གི་གཏམ་རྒྱུད། ། ལྷ་སྒྲུང་ལས་ཀྱང་སྙན་པ། །ཞེས་སོགས་ཀྱི་བརྗོད་བྱ་དང་མཐུན་པའི་ཚོར་བ་དངོས་ཇ་ཁང་འདིའི་ནང་དུ་མྱོང་རོལ་ཡོང་རྒྱུར་གདོན་མི་ཟའོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com