འབྲོག་པའི་སྤྲོ་ཁྱིམ་ཁང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།
ཟླ་བདུན་པར་མེ་ཏོག་སྣ་བརྒྱ་ཁྲ་ལམ་མེར་བཞད་ཅིང་རྐང་དྲུག་བུང་བའི་སྒྲ་སྙན་དར་དིར་སྒྲོག་པའི་དབྱར་གྱི་དུས་བཟང་ལ་ཕྱོགས་བཞིའི་འགྲོན་པོ་རྣམས་ངང་བ་པད་མཚོར་འཇུག་པ་ཇི་བཞིན་མ་གྲོས་རང་མཐུན་གྱིས་མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་འགྲམ་རྒྱུད་དུ་འཛོམས་ཤིང་། ཡུལ་དེ་གའི་འབྲོག་པ་མང་ཚོགས་ཀྱིས་མཚོ་སྔོན་པའི་གནས་སྐོར་གྱི་བསྐལ་བཟང་འདི་དང་བསྟུན་ནས་སོ་སོའི་ཚོང་ལས་གཉེར་འགོ་བརྩམས་པ་རེད།
ནངས་སྔ་མོ་ཉི་རྩེ་ཤར་རིའི་རྒྱབ་ནས་འཕགས་མ་ཐག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རྟ་ནག་མ་ཡུལ་ཚོའི་བུམ་པ་དེའུ་སྡེ་བའི་འབྲུག་རྩེ་རྒྱལ་ཚང་གིས་པེ་ཅིང་ནས་ཡོང་བའི་གནས་སྐོར་བ་སྐོར་ཞིག་ལ་སྣེ་ལེན་བྱེད་པར་གྲ་སྒྲིག་བྱེད་འགོ་བརྩམས། འབྲུག་རྩེ་རྒྱལ་ཚང་གིས་སྦྲ་གུར་འགྲོན་ཁང་ཕྱེས་ནས་ལོ་བཞི་ནས་ལྔ་ལྷག་འདས་ཤིང་། མི་རིགས་ཀྱི་ཟ་ཁང་དང་། འགྲོན་ཁང་། རོལ་རྩེད་ཁང་། དམངས་སྲོལ་འགྲེམ་སྟོན་བཅས་བདག་ཉིད་གཅིག་ཏུ་གྲུབ་པའི་སྦྲ་གུར་འགྲོན་ཁང་དེ་ད་ལྟ་རྒྱ་ཇེ་ཆེར་ཕྱིན་ནས་སྦྲ་གུར་ཉི་ཤུ་ལྷག་ཡོད་པ་རེད།
སྦྱིན་བདག་འབྲུག་རྩེ་རྒྱལ་ལགས་ཀྱིས་བཤད་རྒྱུར། ད་ལོ་ལྔ་གཅིག་དུས་ཆེན་ནས་ཕལ་ཆེར་ཉིན་གཅིག་ལ་ཡང་ངལ་གསོས་མ་ཉུང་ལ། འགྲོན་པོ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཡོང་སྒོ་ཡང་འཕར་སྣོན་བྱུང་ཡོད་དེ། ལོ་གཅིག་ལ་ཡོང་སྒོ་སྒོར་ཁྲི2ནས3ཐོན་གྱི་ཡོད་ཅིང་། སྡོད་ཁང་གསར་དུ་བསྐྲུན་ལ་འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་དུ་གྱུར་ཞེས་བརྗོད་པ་རེད། ཁོང་གིས་མཚམས་སྦྱོར་བྱས་པ་ལྟར་ན་མིག་སྔར་ཡུལ་ཚོ་འདིར་མི300ལྷག་གིས་འབྲོག་པའི་སྤྲོ་ཁྱིམ་ཁང་དང་སྦྲ་གུར་འགྲོན་ཁང40ལ་ཉེ་བ་གཉེར་བཞིན་ཡོད་པར་མ་ཟད། གཅིག་ལ་བལྟས་ན་གཅིག་བཟང་ཞིང་ཁྱད་ཆོས་ལྡན་པ་དང་། འབྲོག་པ་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་འཚོ་བར་འགྱུར་ལྡོག་བྱུང་དང་འབྱུང་བཞིན་འདུག
མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་འབྲོག་པ་དེ་ལས་མང་པོ་ཞིག་གིས་མཛེས་ལྗོངས་ཀྱི་ཉེ་འགྲམ་དུ་འབྲི་ཞོ་དང་། མར། འོ་མ། ཤ་མོ། དབྱར་རྩ་དགུན་འབུ་སོགས་ཐོན་རྫས་སྣ་ཚོགས་བཙོང་བཞིན་ཡོད་ལ། དེ་ལས་ཁོང་ཚོའི་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་རྣམ་པ་བཟང་བོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ།
ཅང་ཞི་ནས་ཡོང་བའི་གནས་སྐོར་བ་ཞིག་གིས་བཤད་རྒྱུར། འབྲོག་པ་མང་ཚོགས་ཀྱིས་བསྐྲུན་པའི་འབྲོག་པའི་སྤྲོ་ཁྱིམ་ཁང་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ཞབས་ཞུ་ཤིན་ཏུ་ལེགས་པོ་འདུག སྒོས་སུ་ཁྱད་དུ་འཕགས་པའི་ཡུལ་གྱི་བཀོད་པ་དང་མི་རིགས་ཀྱི་སྲོལ་ལུགས་ནི་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཡིན་ཞེས་བརྗོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com