«སྡེ་དགེའི་རྒྱལ་རབས»པར་སྐྲུན་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ནས་སོན་དཔེ་ཁང་འཕྲིན་སྟེགས། དུས་ཚོད།:2022-03-28 08:50:01 ཀློག་གྲངས།:
        མཁན་པོ་རབ་བརྟན་དགེ་ལེགས་ཕུན་ཚོགས་དང་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གཉིས་ཀྱི་ལོ་ངོ་བདུན་ཙམ་ལ་དཀའ་ངལ་ཁྱད་བསད་ཀྱིས་བསྡུ་བསྒྲིགས་བྱས་པ་ཡིན་ལ། འདིར་ད་ཕན་ཞིབ་འཇུག་པ་སུས་ཀྱང་མཇལ་མ་མྱོང་བའི་དཔེ་དཀོན་དང་སྤར་རིས་རིན་ཐང་ཅན་མང་དུ་བཞུགས།དག་ཆ་དང་རྩོམ་སྒྲིག་གི་ངོས་ནས་ཀྱང་ཞིབ་ཚག་བྱས་ཡོད་པས་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་ཐུགས་བཞེད་སྐོང་ཐུབ་ངེས་ཡིན།
༈ སྔོན་འགྲོའི་གཏམ་གླེང་སྡེ་བཞི་དགེ་བཅུའི་དཔལ་ཡོན་ཞེས་བྱ་བ།
        ཨོཾ་བདེ་ལེགས་སུ་གྱུར་ཅིག །དེ་ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལ། སྐབས་སུ་བབ་པའི་གཏམ་མེད་ན། བཟང་ངན་བར་གྱི་དོན་མི་ཤེས། དུས་སུ་འབབ་པའི་ཆར་མེད་ན། དབྱར་དགུ ན་ནམ་ཟླའི་ཤན་མི་འབྱེད། ཚད་དུ་སྨིན་པའི་ལོ་ཏོག་མེད་ན། དབུ་ནག་འཁོར་བའི་ཟས་མི་འབྱུང་། ཞེས་དང་། སྐད་པོ་ཆེ་དུང་ཡིན་ཡང་། མ་བུས་ན་མི་འབར། སྙན་པོ་གཏམ་ཡིན་ཡང་། མ་བཤད་ན་མི་ཤེས། མ་བཤད་འཇོག་པ་མིས་མི་གོ །མ་འབུད་སྐམ་པོ་ཤིང་མི་འབར། དགུང་ནས་ཉི་མ་མ་ཤར་ན། ཉིན་མཚན་གང་ཡིན་གྱི་དབྱེར་མི་འབྱེད། ཕ་ཨ་མྱེས་ཀྱི་ལོ་རྒྱུས་མ་བཤད་ན། བུ་ཚ་བོའི་འབྱུང་ཁུངས་མི་ཤེས་ཟེར་བའི་དཔེ་ལྟར། སྐབས་དོན་གླེང་བར་བྱ་བ་ནི། རང་ཅག་རྣམས་ཀྱི་ཚེ་རབས་ལས་ཀྱི་བདག་པོ། མེ་ཏོག་ཕོག་པའི་ལྷ་སྐལ། གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག །བོད་མགོ་ནག་གི་སྤྱི་རྗེ། བདག་པོ་སྡེ་དགེ་རྒྱལ་པོ་ཞེས། འོད་གསལ་ལྷའི་གདུང་རྒྱུད། གྲུབ་པ་ཐོབ་པའི་ཆོས་བརྒྱུད། འཇིག་རྟེན་སྟོབས་ཀྱི་ཆེ་བརྒྱུད། རིག་པ་འཕྲུལ་གྱི་མཁས་བརྒྱུད་བཅས་གཞན་ལ་མེད་པའི་ཁྱད་ཆོས་བཞིས་ཁྱད་པར་འཕགས་ཤིང་། བོད་ཆེན་པོའི་ནོར་འཛིན་གྱི་ཁྱོན་འདིར་རང་རང་གི་མངའ་རིས་བདེ་བར་སྐྱོང་ཞིང་བསྟན་པ་རིན་པོ་ཆེ་ལ་སྲི་ཞུས་མཆོད་པའི་ཁམས་ཀྱི་རྒྱལ་པོ་དང་། རྒྱལ་ཕྲན་ཇི་སྙེད་ཅིག་བྱུང་བ་ལས། གཙོ་བོར་གྱུར་པ་བོད་ཀྱི་ལྷ་བཙན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཕྱག་རྗེས་ལ་འགྲན་པར་ནུས་པའི་མདོ་སྨད་ཡངས་པའི་ནོར་འཛིན་གྱི་ཁྱོན་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྔོན་བྱུང་གི་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་ཕྱོགས་སྒྲིག་བྱས་པ་ཞིག་སྟེ། དེའང་སྡེ་དགེ་རྒྱལ་པོའི་མི་རྒྱུད་ཀྱི་ཁུངས་ནི། བོད་མིའུ་གདུང་དྲུག་ཏུ་གྲགས་པའི་ཞང་པོར་འོས་པ་སྒོ་ལྷ་སྡེ་དཀར་པོའི་རིགས་ཏེ། དེ་ལ་རྔུ་ཆེན་རྒྱལ་མོ་ཚོ་ཤོག་བཅོ་བརྒྱད་བྱུང་བ་ལས་འགར་གྱི་རིགས་ཡིན།
        སྡེ་དགེའི་གདུང་རབས་ཀྱི་ཐོག་མ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་འགར་སྟོང་བཙན་ཡུལ་བཟུང་ངམ་འགར་བློན་རིག་པ་ཅན་ཞེས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་བས་དེ་ནས་བགྲང་སྲོལ་བྱུང་བ་ལྟར་ན། འགར་བློན་རིག་པ་ཅན་ནས་ལྷ་སྲས་བསོད་ནམས་ཚེ་རིང་དང་བསོད་ནམས་གྲགས་པ་སྐུ་མཆེད་ཀྱི་བར་ལ་གདུང་རབས་ལྔ་བཅུ་ང་ལྔ་བྱོན།སྡེ་དགེའི་རྒྱལ་མོ་སྒ་རྗེ་ཚེ་དབང་ལྷ་མོའི་ཞལ་བཀོད་ལྟར་དྲུང་འཚོ་གུ་རུ་འཕེལ་གྱིས་མཛད་པའི་སྡེ་དགེའི་གདུང་རབས་ལས། སྨོན་ལམ་མཐུ་ཡིས་དག་པ་ལྷ་གནས་ནས། །འཇའ་འོད་རྨུ་ཐག་བརྒྱུད་ནས་རྒྱ་བོད་མཚམས། །ལྷ་གཉེན་མི་ཉག་བཞག་བྲ་ལྷ་རྩེ་དེར། །སྡེ་དགེའི་གདུང་རབས་དང་པོ་ལྷ་ལས་བྱོན། །ཞེས་གསུངས་པ་ལྟར་དོན་དུ་ཐོག་མར་ལྷ་ལས་བབ་པའི་འགར་གནམ་ཚ་འབྲུག་ནས་བགྲང་དགོས་པར་མངོན་པས་དེ་ལྟར་ན་གདུང་རབས་ལྔ་བཅུ་རྩ་བརྒྱད་བྱུང་སྟེ། དེའང་དང་པོ་འགར་གནམ་ཚ་འབྲུག །གཉིས་པ་འགར་བླ་མཆན་ཆེན་པོ། གསུམ་པ་འགར་སྟོང་མེས་ཁྲི་ཆགས།བཞི་པ་འགར་སྟོང་བཙན་ཡུལ་བཟུང་། ལྔ་པ་འགར་ཡོན་ཏན་རྒྱལ། དྲུག་པ་འགར་ལྷ་གཅིག་སྙན་ལྡེམ་བུ།བདུན་པ་འགར་ཁྲི་བཟང་དུམ་བུ། བརྒྱད་པ་འགར་ཨ་མྱེ་དགེ་བ་དཔལ། དགུ་པ་འགར་ལྷ་རྗེ་བྱམས་པའི་དཔལ།བཅུ་པ་འགར་དཔལ་གྱི་ཡོན་ཏན། བཅུ་གཅིག་པ་འགར་དཔལ་གྱི་ཕུར་བུ། བཅུ་གཉིས་པ་འགར་དཔལ་གྱི་འབྱུང་གནས། བཅུ་གསུམ་པ་འགར་དཔལ་གྱི་ཤེས་རབ། བཅུ་བཞི་པ་འགར་དཔལ་གྱི་བཀྲ་ཤིས། བཅོ་ལྔ་པ་དཔལ་གྱི་བླ་མ། བཅུ་དྲུག་པ་འགར་དཔལ་གྱི་བཀྲ་ཤིས་བླ་མ། བཅུ་བདུན་པ་འགར་ཡོན་ཏན་བླ་མ། བཅོ་བརྒྱད་པ་འགར་ཤེས་རབ་བླ་མ། བཅུ་དགུ་པ་འགར་བྱང་ཆུབ་བླ་མ། ཉི་ཤུ་པ་འགར་གྲགས་པ་རྒྱལ་མཚན། ཉེར་གཅིག་པ་འགར་དཀོན་མཆོག་རྒྱལ་མཚན། ཉེར་གཉིས་པ་འགར་དགེ་འདུན་རྒྱལ་མཚན། ཉེར་གསུམ་པ་འགར་བྱམས་པ་རྒྱལ་མཚན། ཉེར་བཞི་པ་འགར་ཡེ་ཤེས་རྒྱལ་མཚན།ཉེར་ལྔ་པ་འགར་དཔལ་གྱི་བྱམས་པ་ཕྱི་མ། ཉེར་དྲུག་པ་འགར་དཔལ་གྱི་འབུམ་པ། ཉེར་བདུན་པ་འགར་དཔལ་གྱི་གྲགས་པ།ཉེར་བརྒྱད་པ་འགར་དཔལ་གྱི་རྡོ་རྗེ། ཉེར་དགུ་པ་འགར་དཔལ་གྱི་བསོད་ནམས། སུམ་ཅུ་པ་འགར་དཔལ་གྱི་རྩེ་མོ།(འདིའི་གདུང་རྒྱུད་སྡེ་དགེ་རྨེ་ཤོད་ཀྱི་རྨེ་མདོ་ཞེས་པར་གཞིས་ཆགས།) སོ་གཅིག་པ་འགར་སྒོམ་སྟོན་གཙུག་ཏོར་འབུམ། སོ་གཉིས་པ་འགར་སྟོན་སྒོམ་དཔལ་གྱི་རྒྱལ་མཚན། སོ་གསུམ་པ་འགར་རྔུ་པ་གུ་རུ། སོ་བཞི་པ་འགར་སྟོང་དཔོན་ཟླ་བ་བཟང་པོ། སོ་ལྔ་པ་འགར་རྒྱལ་བ་བཟང་པོ། སོ་དྲུག་པ་འགར་པདྨ་བསྟན་སྲུང་། སོ་བདུན་པ་འགར་དཀར་ཆེན་བྱང་ཆུབ་འབུམ། སོ་བརྒྱད་པ་འགར་བདེ་ཆེན་བསོད་ནམས་བཟང་པོ། སོ་དགུ་པ་འགར་བོ་ཐར་བཀྲ་ཤིས་སེངྒེ་།(འདིའི་སྐབས་སྡེ་དགེའི་རྒྱལ་རབས་ཀྱི་དབུ་བརྙེས་པ་སྟེ། བོ་ཐར་ནི་བློ་གྲོས་ཀྱི་སྟོབས་རྩལ་ཕུན་སུམ་ཚོགས་པས་ཁོང་ལ་སྲས་མོ་ཤིན་ཏུ་གཟུགས་མཛེས་པ་ཞིག་འཁྲུངས་པ་གླིང་དཔོན་གྱིས་བཙུན་མོ་བཞེས་པའི་མོ་རིན་དུ་ཞིང་ཉིན་རྨོས་གཅིག་དང་། དེའི་འཁྲིས་ཀྱི་གྲོང་དུད་བཅས་སྦྱིན་ཆད་ཁ་དན་བྱས་པའི་ཚེ་བོ་ཐར་གྱིས་མཛོ་གཉིས་དོར་བསྡེབས་ཏེ་འཁོར་ལོ་མདོ་ནས་ནམ་ལངས་དུས་དེད་པས་ལྕགས་ར་སྙན་མདའི་རྟེན་རྡོར་སླེབས་དུས་མུན་རུབ། དེའི་བར་གྱི་སྡེ་རྣམས་བསྙད་མེད་དུ་བླངས་པར། སྟོབས་ལྡན་གྱིས་ནི་ས་གསུམ་ཤོར། །ཞེས་པའི་གཏམ་རྒྱུད་དང་མཚུངས་པར་རིག་པའི་འཕྲུལ་འགྲན་ཟླ་མེད་པས་ཟིལ་རྒྱུད་ཕྱོགས་ཀྱི་ས་ཞིང་ཡུལ་གྲུ་བཅས་ཐམས་ཅད་ཐོབ་སྟེ་བོ་ཐར་བུ་མོས་འཚེང་ཟེར་བའང་དེ་ནས་བྱུང་།དངུལ་མདར་ཕོ་བྲང་བཏབ་སྟེ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སྤྱན་དྲངས་ཏེ་གོང་དུ་བཀུར།) བཞི་བཅུ་པ་རྒྱལ་མཚན་འབུམ། ཞེ་གཅིག་པ་དཔོན ་ཆེན་ཨ་སྔ། ཞེ་གཉིས་པ་ཡ་རྒྱལ་འཕེལ། ཞེ་གསུམ་པ་ནམ་མཁའ། ཞེ་བཞི་པ་ལྷུན་ཐུབ། ཞེ་ལྔ་པ་ཀླུ་འཕེལ། ཞེ་དྲུག་པ་ཨོ་རྒྱན་བཀྲ་ཤིས།(འདིའི་སྐབས་རྒྱལ་དབང་སྐལ་བཟང་རྒྱ་མཚོ་ལི་ཐང་ནས་སྡེ་དགེར་སྤྱན་དྲངས་ནས་སྲུང་སྐྱོབ་ཞུས།) ཞེ་བདུན་པ་དབང་ཆེན་མགོན་པོ། ཞེ་བརྒྱད་པ་ཆོས་རྒྱལ་བསྟན་པ་ཚེ་རིང་།(༡༦༧༨-༡༧༣༨) (སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ཕྱི་ནང་རྟེན་བརྟེན་པར་བཅས་པ་གསར་བཞེངས་མཛད།) ཞེ་དགུ་པ་བླ་ཆེན་བློ་གྲོས་རྒྱ་མཚོ།(༡༧༢༣-༡༧༧༤) ལྔ་བཅུ་པ་ས་དབང་བདེ་དགའ་བཟང་པོ།(༡༧༦༨-༡༧༩༠) ང་གཅིག་པ་ཚེ་དབང་རྡོ་རྗེ་རིག་འཛིན།(༡༧༨༦-༡༨༤༢) ང་གཉིས་པ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ།(༡༨༡༡-) ང་གསུམ་པ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ།(༡༨༥༡-༡༨༩༨) ང་བཞི་པ་མི་དབང་རྡོ་རྗེ་སེང་གེའམ་ཨ་ཇ།(༡༨༧༧-༡༩༢༩) ང་ལྔ་པ་འཇིགས་མེད་ཚེ་དབང་བདུད་འདུལ།(༡༩༡༦-༡༩༤༢) ང་དྲུག་པ་ཨོ་རྒྱན་རིག་འཛིན་འཇིགས་མེད་གར་དབང་རྡོ་རྗེའམ་ཨོ་རྒྱན་སྐྱབས(༡༩༣༨-༡༩༩༢)བཅས་སོ།  །ཡང་ཆོས་རྒྱལ་འཆི་མེད་རྟག་པའི་རྡོ་རྗེ་ཡན་འདྲ་ལ།ང་བཞི་པ་བ་བ་ངག་དབང་འཇམ་དཔལ་རིན་ཆེན།(-༡༩༣༥) ང་ལྔ་པ་སྐལ་བཟང་དབང་འདུས།(༡༩༡༢-༡༩༨༣) ང་དྲུག་པ་ཀུན་དགའ་སྐྱབས།(༡༩༥༦-) ང་བདུན་པ་ཚེ་བརྟན་རྣམ་རྒྱལ(༡༩༨༤-)དང་བསོད་ནམས་ཚེ་རིང(༡༩༩༢-)གཉིས། ང་བརྒྱད་པ་ཚེ་བརྟན་རྣམ་རྒྱལ་གྱི་སྲས་གཅེན་གསལ་ལྡན་གྲགས་པ(༢༠༡༡-)དང་གཅུང་བསོད་ནམས་གྲགས་པ(༢༠༡༥-)བཅས་ལྔ་བཅུ་ང་བརྒྱད་བྱོན་ནོ།།
        རྒྱལ་རབས་རིམ་བྱོན་ལ། རྒྱལ་རབས་ཀྱི་ཐོག་མ་ཟིལ་རྒྱུད་ཀྱི་མི་སྡེ་ཁག་གཅིག་བོ་ཐར་གྱི་དབང་དུ་གྱུར་པ་ནས་བགྲང་དགོས་པས།དང་པོ་བོ་ཐར་བཀྲ་ཤིས་སེངྒེ་། གཉིས་པ་རྒྱལ་མཚན་འབུམ། གསུམ་པ་དཔོན་ཆེན་ཨ་སྔ།བཞི་པ་ཡ་རྒྱལ་འཕེལ། ལྔ་པ་བླ་ཆེན་ཀུན་དགའ་རིན་ཆེན། དྲུག་པ་དཔོན་ཆེན་ལྷུན་ཐུ བ། བདུན་པ་བླ་ཆེན་བྱམས་པ་ཕུན་ཚོགས།(༡༥༨༥-༡༦༦༧) (འདིའི་སྐབས་སྡེ་དགེའི་མངའ་ཐང་རྒྱ་བསྐྱེད་བྱུང་།) བརྒྱད་པ་བླ་ཆེན་ཀུན་དགའ་ཕུན་ཚོགས།(-༡༦༡༨)  དགུ་པ་བླ་མ་ཆེ་མཆོག །(༡༦༢༨-)བཅུ་པ་ཁྲི་ཆེན་སངས་རྒྱས་བསྟན་པ།(༡༦༤༡-༡༧༡༢) བཅུ་གཅིག་པ་ཁྲི་ཆེན་བླ་མ་བསོད་ནམས་ཕུན་ཚོགས།(-༡༧༡༤) བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་།(༡༦༧༨-༡༧༣༨) བཅུ་གསུམ་པ་ཁྲི་ཆེན་བླ་མ་ཕུན་ཚོགས་བསྟན་པ།(-༡༧༥༡) བཅུ་བཞི་པ་བླ་ཆེན་བློ་གྲོས་རྒྱ་མཚོ།(༡༧༢༣-༡༧༧༤) བཅོ་ལྔ་པ་རྗེ་བཙུན་དབྱངས་ཅན་སྒྲོལ་མ།(-༡༧༨༦) བཅུ་དྲུག་པ་ས་དབང་བདེ་དགའ་བཟང་པོ།(༡༧༦༨-༡༧༩༠) བཅུ་བདུན་པ་སྒ་རྗེ་ཚེ་དབང་ལྷ་མོ།(-༡༨༡༢) བཅོ་བརྒྱད་པ་ཚེ་དབང་རྡོ་རྗེ་རིག་འཛིན།(༡༧༨༦-༡༨༤༢) བཅུ་དགུ་པ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ།(༡༨༡༡-) ཉི་ཤུ་པ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ།(༡༨༥༡-༡༨༩༨) ཉེར་གཅིག་པ་ས་སྐྱོང་མ་ཧཱ་པཎྜི་ཏའི་མཚན་འཆང་བ་བ་བ་ངག་དབང་འཇམ་དཔལ་རིན་ཆེན།(-༡༩༣༥) ཉེར་གཉིས་པ་ཨ་ཇ་རྡོ་རྗེ་སེངྒེ་།(༡༨༧༧-༡༩༢༩) ཉེར་གསུམ་པ་ཐིའི་ཇི་འཇིགས་མེད་ཚེ་དབང་བདུད་འདུལ།(༡༩༡༦-༡༩༤༢) ཉེར་བཞི་པ་ནང་ཆེན་འཇམ་དབྱངས་དཔལ་མོ(༡༩༡༣-༡༩༨༨)བཅས་རྒྱལ་རབས་ཉེར་བཞི་བྱུང་།
        ༈ ཁྲི་རབས་རིམ་བྱོན་ལ། ཁྲི་རབས་ཀྱི་ཐོག་མ་ནི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྡེ་དགེའི་ཆོས་སྲིད་དར་རྒྱས་སུ་མཛད་དེ་བླ་ཆེན་ཉིད་ལྷུན་འགྲུབ་སྟེང་གི་གསེར་ཁྲི་ལ་མངའ་གསོལ་བྱས་པ་ནས་བགྲང་བས། དང་པོ་བླ་ཆེན་བྱམས་པ་ཕུན་ཚོགས། གཉིས་པ་བླ་ཆེན་ཀུན་དགའ་ཕུན་ཚོགས། གསུམ་པ་བླ་མ་ཆེ་མཆོག།བཞི་པ་ཁྲི་ཆེན་སངས་རྒྱས་བསྟན་པ། ལྔ་པ་ཁྲི་ཆེན་བླ་མ་བསོད་ནམས་ཕུན་ཚོགས། དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་།(༡༦༧༨-༡༧༣༨) བདུན་པ་ཁྲི་ཆེན་བླ་མ་ཕུན་ཚོགས་བསྟན་པ།བརྒྱད་པ་བླ་ཆེན་བློ་གྲོས་རྒྱ་མཚོ།(༡༧༢༣-༡༧༧༤) དགུ་པ་ས་དབང་བདེ་དགའ་བཟང་པོ།(༡༧༦༨-༡༧༩༠) བཅུ་པ་ཚེ་དབང་རྡོ་རྗེ་རིག་འཛིན།(༡༧༨༦-༡༨༤༢) བཅུ་གཅིག་པ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ།(༡༨༡༡-) བཅུ་གཉིས་པ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ།(༡༨༥༡-༡༨༩༨) བཅུ་གསུམ་པ་བ་བ་ངག་དབང་འཇམ་དཔལ་རིན་ཆེན།(-༡༩༣༥) བཅུ་བཞི་པ་ཨ་ཇ་རྡོ་རྗེ་སེངྒེ་།(༡༨༧༧-༡༩༢༩) བཅོ་ལྔ་པ་འཇིགས་མེད་ཚེ་དབང་བདུད་འདུལ(༡༩༡༦-༡༩༤༢)བཅས་ཁྲི་རབས་བཅོ་ལྔ་བྱོན་ནོ།།
        དེ་དག་ཀྱང་རྒྱལ་བརྒྱུད་ཀྱི་ཐོག་མ་ལྷ་ལས་བབས་པས་འོད་གསལ་ལྷའི་གདུང་རྒྱུད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་བློན་རིག་པ་ཅན་དང་།འགྲོ་མགོན་ཆོས་རྒྱལ་འཕགས་པ(༡༢༣༥-༡༢༨༠)དང་གོང་མ་སེ་ཆེན་ཧན་མཆོད་ཡོན་གྱིས་སྒོམ་སྟོན་བསོད་ནམས་རིན་ཆེན་ལ་མདོ་སྨད་སྟོང་དཔོན་དུ་བསྐོས་བཞག་མཛད་པ་སོགས་འཇིག་རྟེན་སྟོབས་ཀྱི་ཆེ་བརྒྱུད། ལྷ་རྗེ་བྱམས་པའི་དཔལ་དང་སྨར་ཚང་ཕྱག་ཆེན་གྱི་བརྒྱུད་པའི་གྲལ་དུ་བཞུགས་པ་རྔུ་ཆོས་ཀྱི་རྡོ་རྗེ་སོགས་གྲུབ་ཐོབ་མང་དུ་བྱུང་བས་གྲུབ་པ་ཐོབ་པའི་ཆོས་བརྒྱུད། འགར་སྟོང་བཙན་ཡུལ་བཟུང་ནས་རིག་པའི་འཕྲུལ་སྒོ་འགྲན་ཟླ་མེད་པ་མང་དུ་བྱུང་བས་རིག་པ་འཕྲུལ་གྱི་མཁས་བརྒྱུད་བཅས་གཞན་ལས་ཁྱད་ཆོས་བཞི་ཡིས་ཁྱད་པར་འཕགས། རྒྱལ་པོའི་ཆབ་འབངས་སུ་གྱུར་པའང་བོ་ཐར་བཀྲ་ཤིས་སེང་གེས་ཟིལ་རྒྱུད་བཀྲ་ཤིས་ལྷ་སྡེ་དབང་དུ་བྱས་པ་ནས་བཟུང་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་སྐབས་སུ་ཆབ་འབངས་རྫོང་ཆེན་བཅོ་བརྒྱད། འབངས་མི་ཁྱིམ་སུམ་ཁྲི་དྲུག་སྟོང་ཡོད་པར་བཤད་ཅིང་། བླ་ཆེན་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་རྫོང་སྒོ་ཉེར་ལྔ་དང་དཔོན་ཆུང་མང་པོ། འབྲོག་སྡེ་ཁྲི་གསུམ་དུ་ལངས་པ་དང་། ཤིན་ཏུ་དར་ཁྱབ་ཆེ་བའི་དུས་སུ་རྫོང་སྒོ་ཆེ་ཆུང་བདུན་ཅུ་དོན་དགུ་དང་། ཁྱིམ་དུད་བདུན་ཁྲི་བདུན་སྟོང་ཙམ་ཡོད་པར་བཤད་ལ། ཕྱིས་ཀྱི་གནས་སྐབས་ཕལ་ཆེར་ལ། ཕྱོགས་བཞིའི་དཔོན་མགོ་བཞི། རོང་ཤིང་སྒོ་ཅན་གྱི་རྫོང་གཞིས་སོ་གསུམ། འབྲོག་སྦྲ་སྒོ་ཅན་གྱི་དཔོན་ཁག་སོ་དྲུག །ཁྲོམ་རྒན་ཆེ་བཞི། ཕྱིའི་དཔོན་མགོ་གསུམ། མདུན་སྐོར་སུམ་ཅུ། ཧོར་འདྲ་བརྒྱད་ཅུ། གཉེར་ཕྱག་ལྷན་རྒྱས་ཁང་དུ་ལས་འཛིན་ནང་གི་གཉེར་ཆེན་གསུམ་མམ་བཞི་དང་། ཕྱག་མཛོད་གཉིས། དྲུང་སྐྱ་སེར་གཉིས། ད་དུང་འབྲོག་པའི་ས་ཁུལ་དུ་གྱད་རུ། གཙོ་ཤོག །རུ་དཔོན་སོགས་ཡོད་པའི་རྒྱལ་ཁབ་ཅིག་ཡིན།
        ༈ སྐབས་འདིར་ས་སྐྱོང་སྡེ་དགེའི་རྒྱལ་རབས་ལོ་རྒྱུས་བསྡུ་སྒྲིག་ཇི་ལྟར་བྱས་ཚུལ་ལ། དེ་ཡང་ཁམས་ཕྱོགས་ཀྱི་རྒྱལ་ཕྲན་གཞན་པ་ཚོ་དང་མི་འདྲ་བར་བདག་པོ ་སྡེ་དགེ་ཚང་ལ་རྒྱལ་རབས་ལོ་རྒྱུས་རྙིང་པ་རིན་ཐང་བྲལ་བ་མང་པོ་ཞིག་བཞུགས་ཀྱང་འུ་ཅག་ཕྱི་རབས་པ་ཚོས་དེ་དག་ཕྱོགས་སྒྲིག་དང་པར་སྐྲུན་འགྲེམ་སྤེལ་བྱེད་མ་ཐུབ་པ་འདིས་མང་པོ་ཞིག་གི་སེམས་ལ་འུ་ཅག་ལ་འདི་འདྲའི་རིན་ཐང་ཅན་གྱི་ཡིག་ཆ་རྙིང་པ་ཡོད་པ་ཙམ་ཡང་ཤེས་ཀྱིན་མེད་པ་དང་། མ་ཟད་དེང་དུས་རྒྱལ་རབས་ལོ་རྒྱུས་སྤྱི་དང་ཁྱད་པར་སྡེ་དགེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་མང་པོ་ཞིག་གིས་འདི་འདྲའི་ཚད་ལྡན་ཁུངས་ཐུབ་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ཡིག་ཆ་མ་རག་པ་ལ་བརྟེན་ནས་སྡེ་དགེའི་སྐོར་གྱི་ཡི་གེ་བྲིས་པ་དག་གི་ནང་དུ་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལ་ནོར་འཁྲུལ་ཡང་གང་མང་བྱུང་དང་བྱུང་བཞིན་འདུག་པ་དང་། མ་ཟད་ཡིག་ཆ་འདི་རིགས་ཕྱོགས་སྒྲིག་སྤར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ནི་འུ་ཅག་སྡེ་དགེ་བའི་གཞོན་སྐྱེས་རྣམ་པའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཞིག་ཏུ་མཐོང་ནས་ནུས་པ་མེད་ཀྱང་ལྷག་བསམ་ཡོད་པའི་ཁུལ་གྱིས་ཕྱོགས་སྒྲིག་བྱ་བའི་མགོ་བརྩམས་པ་དང་། རང་ལ་སྙིང་ཉེ་བའི་གྲོགས་པོ་འགའ་ཞིག་གིས་ཀྱང་མ་དཔེ་མཁོ་འདོན་སོགས་ཀྱི་རོགས་རམ་བཟང་པོ་གནང་བར་བརྟེན། སློབ་ཁྲིད་སོགས་བྲེལ་ཟིང་གི་བར་གསེང་ནས་དུས་ཡུན་རིང་པོར་དཀའ་ཚེགས་ངལ་དུབ་ཁྱད་དུ་བསད་དེ་བྱིའུས་རྒུན་འབུ་འཐུ་འཐུ་ཡིས་མ་དཔེ་འཚོལ་སྡུད་དང་། ཡིག་བཏགས། དཔེ་བསྡུར། ཞུ་དག །དཀར་ཆག་བཅས་བྱ་བ་ཆེ་ཕྲ་མཐའ་དག་མཐར་ཆགས་སུ་བསྒྲུབས་པ་དང་། རྒྱལ་རབས་གོ་རིམ་སྒྲིག་སྟངས་ལ་མཛད་པ་པོ་བྱོན་སྔ་ཕྱིའི་གོ་རིམ་ཙམ་དབང་བཙན་དུ་བྱས་པ་དང་། དཀར་ཆག་དང་ཆོས་འབྱུང་ཁག་ལས་སྡེ་དགེའི་རྒྱལ་རབས་ཀྱི་སྐོར་བྱུང་བ་གཅེས་བཏུས་ཀྱི་ཚུལ་དུ་ཁག་གཅིག་བཀོད་པ་དང་། དེ་བཞིན་དུ་རྟེན་གྱི་དཀར་ཆག་སྐོར། བཅའ་ཡིག་སྐོར། ས་སྐྱོང་སྡེ་དགེའི་ཞབས་བརྟན་གྱི་སྐོར་བཅས་སྡེ་ཚན་སོ་སོར་བྱས་ནས་བཀོད་ཡོད།
        ༈ འདིར་བསྡུས་པ་དག་གི་དཀར་ཆག་དང་བརྗོད་དོན་མ་ཕྱི་བཅས་ཀྱི་སྐོར་ལ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་རྣམ་པར་སྤེལ་བའི་ཕྱི་མོར་བསྒྲུབས་པའི་རབ་ཏུ་བྱེད་པ་མཐོང་ན་མངོན་པར་དགའ་བའམ་ཡོངས་གྲགས་ལ་སྡེ་དགེའི་འབུམ་རྙིང་གི་དཀར་ཆག་ཏུ་འབོད་པ་ནི། མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲ་ཤིས་དབང་ཕྱུག་དང་སྡེ་དགེའི་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་ཡོན་མཆོད་གཉིས་ཀྱིས་བསྐུལ་མ་གནང་བ་ལྟར་ཆོས་རྒྱལ་སྡེ་དགེའི་དྲུང་ཡིག་ཨོ་རྒྱན་ཡེ་ཤེས་ཀྱིས་རབ་བྱུང་བཅུ་གཉིས་པའི་ས་ཁྱི༡༧༡༨ལོའི་ཧོར་ཟླ་གཉིས་པའི་ཚེས་བཟང་པོ་ལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོ་ནས་མཛད་པ་ཡིན་ཞིང་། དེའང་བརྗོད་བྱའི་ནང་དོན་ནི་དཀར་ཆག་ཉིད་ལས། ཆོས་སྲིད་བསྟན་པའི་ལྷ་དབང་གྲོང་ཁྱེར་དབུས། །མི་ཟད་པར་གྱི་ཆོས་སྦྱིན་ནོར་བུའི་ཏོག །སྟོབས་འབྱོར་ལྷབ་ལྷུབ་རྩེ་མོར་ལེགས་བཀོད་པའི། །དཀར་ཆག་མཐོང་ན་མངོན་པར་དགའ་འདི་སྤྲོས། །དེ་ཡང་དང་པོ་ཆོས་སྤྱིའི་ཁོག་བུབ་དང་། །གཉིས་པ་བོད་དུ་བསྟན་པ་དར་བའི་ཚུལ། །གསུམ་པ་བྱེ་བྲག་ཤེར་ཕྱིན་ཆོས་སྐོར་བཤད། །བཞི་པ་ཆོས་འདིའི་སྦྱིན་བདག་གདུང་རབས་སྐོར། །ལྔ་པ་པར་དུ་བཞེངས་པའི་དགོས་ཆེད་དང་། །དྲུག་པ་བཞེངས་པའི་དུས་དང་གནས་བཤད་པ། །བདུན་པ་བཞེངས་ཚུལ་ཕན་ཡོན་བསྔོ་སྨོན་ཏེ། །ས་བཅད་བདུན་གྱིས་ལེགས་པར་གཏན་ལ་དབབ། །ཅེས་གསུངས་པ་ལྟར་ལེའུ་དང་པོ་ཆོས་སྤྱིའི་ཁོག་བུབ་བཤད་པ། ལེའུ་གཉིས་པ་བོད་ཡུལ་དུ་སངས་རྒྱས་བསྟན་པ་དར་ཚུལ་བཤད་པ། ལེའུ་གསུམ་པ་ཇི་ལྟར་བཞེངས་པར་བྱ་བའི་ཆོས་ཀྱི་བྱེ་བྲག་བཤད་པ། ལེའུ་བཞི་པ་པར་དུ་བཞེངས་པའི་སྦྱིན་བདག་བཤད་པ། ལེའུ་ལྔ་པ་པར་དུ་བཞེངས་པའི་དགོས་ཆེད་དང་ཞུ་ཆེན་བྱས་ཚུལ་བཤད་པ། ལེའུ་དྲུག་པ་བཞེངས་པའི་དུས་དང་བཞེངས་ཚུལ་བཤད་པ། ལེའུ་བདུན་པ་བཞེངས་པའི་ཕན་ཡོན་དང་། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་བཅས་དཀར་ཆག་འདི་ཉིད་ལེའུའམ་ས་བཅད་བདུན་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པ་ཞིག་ཡིན། དཀར་ཆག་འདི་ཉིད་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་ཤིང་པར་དུ་བཞུགས་ཤིང་། དེའང་མཚལ་པར་དང་སྣག་པར་གཉིས་ལས་མཚལ་པར་ཡིན་པ་དང་། ལྡེབ་མ་མདའ་ཚད་མ་ལྡེབ་གྲངས་ཉི་ཤུ་རྩ་དྲུག་བཞུགས་པ་ཡིན་ནོ། །
        ༈ མདོ་སྨད་ནོར་ལྡན་གྱི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་ས་དབང་སྡེ་དགེའི་གདུང་རབས་ལས་འབེལ་བའི་གཏམ་བཤད་ངོ་མཚར་མིག་གི་གཏེར་མཛོད་དམ་ཞེ་དྲུང་པའི་སྡེ་དགེའི་རྒྱལ་རབས་འབེལ་གཏམ་དུ་གྲགས་པ་ནི། སྡེ་དགེའི་གདུང་རབས་སོ་བདུན་པ་ནམ་མཁའ་ནས་ཆད་པའི་མཁར་ནང་དབོན་པོ་སྡོམ་བརྩོན་ཆོས་སྐྱོང་བློ་གྲོས་ཀྱིས་བསྐུལ་མ་གནང་བ་ལྟར་ཞེ་ཆེན་དྲུང་ཡིག་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པ་ཡིན་ལ། ཞེ་ཆེན་དྲུང་ཡིག་པདྨ་རྣམ་དག །བསྟན་འཛིན་རྒྱལ་མཚན། པྲ་ཛྙཱ་རསྨི། ནིརྡེ་ཤཱ་དཱ་ན་ཀེ་ཏ། ཤཱ་ས་རྣམས་ནི་ཁོང་གི་མཚན་གྱི་རྣམ་གྲངས་ཡིན། ཁོང་ནི་ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་རིག་འཛིན་འགྱུར་མེད་ཀུན་བཟང་རྣམ་རྒྱལ(༡༧༡༣-༡༧༦༩)དང་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱི་དངོས་སློབ་ཡིན། རྒྱལ་རབས་འདིའི་བརྗོད་བྱ་ནི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྤྱི་དང་ཁྱད་པར་མང་པོས་བཀུར་བའི་རྒྱལ་བརྒྱུད་ཇི་ལྟར་བྱུང་ཚུལ་དང་། དེ་ལས་གངས་ཅན་བོད་ཀྱི་ཡུལ་དུ་རྒྱལ་པོ་ཇི་ལྟར་བྱུང་བ། རྒྱལ་ཁབ་ཆེན་པོའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ཀྱི་གཙོ་བོ་ལྷ་རིགས་འཁོན་དཔལ་ལྡན་ས་སྐྱ་པའི་རིང་ལུགས་ཇི་ལྟར་བྱུང་ཚུལ་བཅས་འཕྲོས་ཙམ་སྨོས་ནས། བརྗོད་བྱ་དངོས་གཞི་མདོ་སྨད་ཡངས་པའི་ནོར་འཛིན་གྱི་ཁྱོན་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ས་དབང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་ལོ་རྒྱུས་ལ། ཆོས་རྒྱལ་ཆེན་པོའི་གདུང་རབས་ཀྱི་རྩ་བ་གང་ལས་ཆད་ཚུལ་དང་། རྒྱལ་ཁབ་ཉིད་ཀྱི་གདུང་རབས་དངོས་གཞི། དེ་དག་ལས་གྲུབ་པ་ཐོབ་པའི་ཆོས་བརྒྱུད་ཇི་ལྟར་བྱུང་ཚུལ། ཆོས་སྲིད་ཟུང་དུ་འབྲེལ་བའི་དབུ་འཕང་ཇི་ལྟར་རྒྱས་ཚུལ། བློ་ཆེན་ཚངས་པའི་རྒྱལ་པོའི་འགྲན་ཟླར་གྱུར་པའི་འཕྲུལ་བློན་སྔ་ཕྱིར་བྱུང་ཚུལ། བསྟན་སྲིད་འདི་ཉིད་གཙོ་ཆེན་དཔལ་ལྡན་ས་ངོར་གཉིས་དང་འབྲེལ་ཆེ་བའི་གཏན་ཚིགས། འཇིག་རྟེན་བདེ་སྐྱིད་འབྱུང་བའི་རྣམ་དཀར་དགེ་བའི་བཀའ་ཁྲིམས་བཅའ་བ་སོགས་ཡིན། རྒྱལ་རབས་འདིའི་མ་ཕྱི་དབུ་མེད་བྲིས་མ་ཤིན་ཏུ་ལེགས་པ་ཞིག་ཁོ་བོས་སྐུ་ཚེ་རྨུགས་སངས་དཔལ་དྲོ་བཙན་མགོན་སྟེང་ནས་ལག་སོན་བྱུང་བ་ཡིན་ཞིང་། ལྡེབ་གྲངས་ལྡེབ་འབྲིང་མ་ལྡེབ་གྲངས་དགུ་བཅུ་གོ་དྲུག་བཞུགས་སོ།།
        ༈ དཔལ་ལྡན་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་གདུང་རབས་ཁམས་གསུམ་ཟིལ་གནོན་འབྲེལ་ཚད་དོན་ལྡན་ནམ་སྡེ་དགེའི་རྒྱལ་རབས་གསེར་བྲིས་མ་ཞེས་བྱ་བ་ནི།སྡེ་དགེའི་རྒྱལ་རབས་བཅུ་བདུན་པ་སྒ་རྗེ་དཔོན་མོ་ཚེ་དབང་ལྷ་མོས་ཡིག་ཆ་མཁོ་འདོན་མཛད་ནས་བཀའ་ཕེབས་གནང་བ་བཞིན་སྡེ་དགེའི་རྒྱལ་རབས་བཅུ་དྲུག་པ་ས་དབང་བདེ་དགའ་བཟང་པོའི་སྐུའི་ཡོངས་འཛིན་དང་ཆོས་རྒྱལ་ཆེན་པོའི་སྐུའི་བླ་སྨན་པ་ཚེའི་རིག་བྱེད་དུ་མའི་ཕ་རོལ་ཏུ་སོན་པ་དྲུང་འཚོ་གུ་རུ་འཕེལ་གྱིས་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག༡༧༩༡ལོར་འཛོམ་ཐོག་ནོར་བུ་རྩེའི་ཕོ་བྲང་ནས་རྩོམ་པར་མཛད་པ་ཞིག་ཡིན་ཞིང་། རྒྱལ་རབས་འདི་ལ་ལེའུ་ལྔ་བཞུགས་པའི་ལེའུ་དང་པོ་ལྷ་མི་བར་གྱི་རྨུ་ཐག་ལ་བརྟེན་ནས་སྡེ་དགེའི་གདུང་རྒྱུད་ཀྱི་དང་པོ་བྱུང་ཚུལ་དང་། ལྷ་རྗེ་བྱམས་པའི་གདུང་རྒྱུད་ལས་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་ཚུལ། བསྟན་པའི་རྩིས་ཀྱི་རྣམ་གཞག། གདུང་རབས་བལྟ་བདེའི་ཆེད་དུ་རྩ་ཚིག་བཀོད་པ་བཅས། ལེའུ་གཉིས་པ་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་སྲས་གཉོས་འགར་ཆོས་གསུམ་གྱི་ནང་ཚན་འགར་ཆེན་དམ་པ་ཆོས་སྡིངས་པ་སོགས་ཀྱི་རྣམ་ཐར་དང་། ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྒོམ་སྟོན་བསོད་ནམས་རིན་ཆེན་ལ་སྡེ་དགེ་ཞེས་ལུང་བསྟན་ནས་མཆོད་ཡོན་ཤར་ཕྱོགས་གོང་མ་ཆེན་པོའི་མཆོད་གནས་སུ་ཕེབས་སྐབས་མདོ་སྨད་སྟོང་དཔོན་དུ་བསྐོས་ནས་ས་དམར་དུ་མི་རྒྱུད་བྱུང་ཚུལ།ལེའུ་གསུམ་པ་བདེ་ཆེན་བསོད་ནམས་བཟང་པོ་ལ་རྔུ་ཆོས་དབྱིངས་རྡོ་རྗེ་སོགས་ཀྱིས་སྟོད་ཕྱོགས་སུ་སོང་ནས་ས་བཟུང་ན་ལེགས་པའི་ལུང་བསྟན་བྱུང་བ་ལྟར་ཟིལ་སྒ་ལེན་སྟེང་དུ་ཆགས་ཕེབས། མཛེས་ར་འཁོར་དུ་ས་བཟུང་། དངུལ་མདར་དགོན་པ་ཆག་བཏབ་པ་སོགས་ནས་བརྩམས་ཏེ། སྡེ་དགེའི་རྒྱལ་རབས་བཅུ་གཅིག་པ་བསོད་ནམས་ཕུན་ཚོགས་སྐུ་མཆེད་རྣམས་བར་གྱི་རྣམ་ཐར་ལོ་རྒྱུས་བསྟན་པ། ལེའུ་བཞི་པ་མི་དབང་སྡེ་དགེའི་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་ཡབ་སྲས་རྣམས་ཀྱིས་བསྟན་པ་ཕྱོགས་རིས་མེད་པར་བསྐྱངས་ནས་ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་དབྱར་མཚོ་ལྟར་རྒྱས་པར་མཛད་པ། ལེའུ་ལྔ་པ་སྡེ་དགེའི་རྒྱལ་རབས་བཅུ་དྲུག་པ་མི་རྗེ་སྲིད་ཞིའི་དབང་ཕྱུག་ཀུན་འགྲུབ་བདེ་དགའ་བཟང་པོ་ཁམས་གསུམ་སྣོད་བཅུད་དབང་སྡུད་འཇིགས་བྲལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་ཞིབ་རྒྱས་སུ་བཀོད་པ་དང་། གདུང་རབས་ཇི་ལྟར་རྩོམ་ཚུལ་བསྔོ་སྨོན་བཅས་ཡིན། རྒྱལ་རབས་འདིའི་མ་ཕྱི་ཡི་གེ་དབུ་ཅན་གསེར་དངུལ་སྤེལ་མས་ལེགས་པར་བྲིས་པ་ཞིག་ལ་ལྡེབ་གྲངས་ལྡེབ་འབྲིང་མ་ཉིས་བརྒྱ་སོ་གསུམ་བཞུགས། འོན་ཀྱང་འདིའི་ནང་དུ་མིང་ཚིག་གོ་དཀའ་བ་དང་ཡིག་མཁན་གྱིས་ཡི་གེ་འབྲི་སྐབས་ཡིག་ནོར་ཤིན་ཏུ་མང་བ་ཞིག་ཤོར་འདུག་པར་བརྟེན་ཁོ་བོས་གཟབ་གཟབ་བྱེད་ཁུལ་གྱིས་ཞིབ་བལྟ་བགྱིས་ཏེ་ཤིན་ཏུ་དག་པར་བཅོས་ཡོད།
        ༈ དཔལ་ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ་འདོད་དགུ་རབ་འཕེལ་ལམ་སྡེ་དགེའི་རྒྱལ་རབས་ཚིགས་བཅད་མ་ཞེས་གྲགས་པ་ནི། སྡེ་དགེའི་རྒྱལ་རབས་བཅོ་བརྒྱད་པ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་ནམ་སྡེ་དགེའི་ཡབ་ཆེན་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ༡༨༢༤ལོར་བརྩམས་མཛད་པ་ལ། སླར་ཡང་ལྕམ་ཟུང་ལྷ་སྲས་རིན་པོ་ཆེ་མཆེད་ཀྱི་ལོ་རྒྱུས། ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་དགེ་སློང་སྒྲུབ་པའི་ཚུལ་བཅས་ཁ་སྐོང་སྟེ་ས་ཕོ་བྱི་བའི༡༨༢༨ལོའི་ཟླ་བདུན་པར་དཔལ་ལྡན་ལྷུན་འགྲུབ་སྟེང་གི་ཆོས་གྲྭ་ཆེན་པོ་ནས་མཇུག་ཡོངས་སུ་གྲུབ་པར་མཛད། རྒྱལ་རབས་འདིའི་ནང་དུ་ས་སྐྱོང་སྡེ་དགེའི་རྒྱལ་རབས་ཀྱི་རིགས་རུས་ངོས་བཟུང་བ་དང་གདུང་རབས་མཆེད་ཚུལ་ནས་བརྩམས་ཏེ་རྩོམ་པ་པོ་ས་སྐྱོང་ཡབ་སྲས་རྣམས་བར་གྱི་རྣམ་ཐར་ལོ་རྒྱུས་དང་། དེ་དག་གི་སྐབས་སུ་བྱུང་བའི་ཆོས་བློན་གྱི་སྐོར། རྒྱལ་ཁབ་ཀྱི་བླ་ཡི་མཆོད་གནས་ཀྱི་སྐོར་བཅས་གསལ་པོར་བཀོད་ཡོད་པའི་རྒྱལ་རབས་ཞིག་ཡིན། རྒྱལ་རབས་འདི་ཉིད་སྡེ་དགེའི་པར་ཁང་ཆེན་པོར་ཤིང་པར་དུ་བཞུགས་པ་ལ་ལྡེབ་གྲངས་མདའ་ཚད་མ་ལྔ་བཅུ་ང་དྲུག་ཡོད།
        ༈ ས་སྐྱོང་སྡེ་དགེའི་རྒྱལ་རབས་མདོར་བསྡུས་བཻ་ཌཱུཪྱའི་དོ་ཤལ་ནི། དཔལ་ཡུལ་དགོན་གྱི་གདན་རབས་དགུ་པ་རྙིང་བཙུན་ཐུབ་བསྟན་ཕྱོགས་ཀྱི་གླང་པོའམ་མཚན་གཞན་རིག་འཛིན་དཔལ་ཆེན་འདུས་པས(༡༨༨༧ (-༡༩༣༢) སྡེ་དགེ་འབྲི་ནུབ་ཉག་གཤིས་དགོན་ཕུ་ཕན་བདེ་མི་འགྱུར་གླིང་དུ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི༡༩༢༢ལོའི་ཟླ་བཞི་པའི་ཚེས་ཉེར་བརྒྱད་ལ་མཛད་པ་ཡིན་ཞིང་། རྒྱལ་རབས་འདི་ལས་ཆོས་རྒྱལ་སྡེ་དགེའི་གདུང་རབས་ཇི་ལྟར་བྱུང་ཚུལ་དང་། དེ་ལས་གྲུབ་པ་ཐོབ་པའི་ཆོས་བརྒྱུད་དང་། འཇིག་རྟེན་སྟོབས་ཀྱི་ཆེ་བརྒྱུད་ཇི་ལྟར་བྱུང་ཚུལ། སྡེ་དགེའི་ཁྲི་རབས་དང་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ནས་བཟུང་སྟེ་འཇིགས་མེད་ཚེ་དབང་བདུད་འདུལ་བར་སྡེ་དགེའི་ཁྲི་རབས་བཅོ་ལྔའི་རྣམ་ཐར་བཅས་མདོར་བསྡུས་སུ་བཀོད་པ་ཞིག་ཡིན། རྒྱལ་རབས་འདིའི་མ་ཕྱི་དབུ་མེད་བྲིས་མ་ཤིན་ཏུ་ལེགས་པ་ལྡེབ་ཐུང་མ་ལྡེབ་གྲངས་བདུན་ཅན་ཞིག་ས་སྐྱོང་གླིང་ཚང་གི་དཔེ་ཁྲོད་དུ་བཞུགས་པ་གླིང་ཚང་བཙུན་མོ་ཚུལ་ཁྲིམས་སྒྲོལ་མས་ཁོ་བོ་ལ་བྱིན་པ་ཡིན།
        ༈ ཆོས་རྒྱལ་སྡེ་དགེའི་རྒྱལ་རབས་ཉུང་ངུར་བསྡུས་པ་ངག་གི་ས་བོན་ཨུཏྤལ་ཆུན་པོ་ནི། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་དྲུང་ཡིག་ཀུན་བཟང་འཕྲིན་ལས་ཀྱིས་རྩོམ་བསྐུལ་ཞུས་ཏེ་དཔལ་ཡུལ་གྲུབ་དབང་དཔལ་ཆེན་འདུས་པའི་ཞལ་སློབ་སྐུ་ཚེ་རྨུགས་སངས་འཇམ་དཔལ་བཟང་པོའམ་དཔལ་དྲོ་ཚེ་རིང་བླ་མས(༡༩༠༡-༡༩༨༥)བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ༡༩༤༡ལོའི་ཟླ་དྲུག་པའི་ཡར་ཚེས་བཞི་སྟེ་ཆོས་འཁོར་དུས་ཆེན་གྱི་ཉིན་སྡེ་དགེ་ལྷུན་འགྲུབ་སྟེང་གི་རྒྱལ་ཁབ་ནས་རྩོམ་པ་མཛད་པ་ཞིག་ཡིན་ཞིང་། རྒྱལ་རབས་འདིའི་ནང་དུ་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་གདུང་རབས་ཀྱི་ཕུག་གང་ལས་བྱུང་བ་ནས་བརྩམས་ཏེ་སྡེ་དགེའི་ཆོས་རྒྱལ་ཆེན་པོ་འཇིགས་མེད་ཚེ་དབང་བདུད་འདུལ་ཡབ་སྲས་བར་གྱི་ལོ་རྒྱུས་དང་། ལྷ་རིགས་ཆོས་རྒྱལ་སྤྲུལ་པའི་གདུང་རྒྱུད་ཀྱི་མཚན་ཐོ། སྡེ་དགེའི་གདུང་རྒྱུད་རིམ་བྱོན་རྣམས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི་བསྟན་པའི་སྦྱིན་བདག་ཡིན་ཚུལ། སྡེ་དགེའི་ཆོས་བློན་གཙོ་ཆེ་བ་རྣམས་ཇི་ལྟར་བྱུང་བའི་ལོ་རྒྱུས་བཅས་གསལ་བར་བྲིས་ཡོད། རྒྱལ་རབས་འདིའི་མ་ཕྱི་ཡི་གེ་དབུ་མེད་བྲིས་མ་མགོ་ཚེམ་བྱས་པ་ལྡེབ་འབྲིང་མ་ལྡེབ་གྲངས་སུམ་ཅུ་སོ་གསུམ་ཅན་ཞིག་སྐུ་ཚེ་རྨུགས་སངས་དཔལ་དྲོ་བཙན་མགོན་སྟེང་ནས་བསོད་ནམས་ཚེ་རིང་གིས་ཁོ་བོ་ལ་གནང་འབྱོར་བྱུང་བ་ཡིན་ཞིང་། འོན་ཀྱང་མ་ཕྱི་འདི་ཉིད་ཐོག་མའི་རྩོམ་གཞི་ཉིད་དུ་སོང་བས་གོང་འོག་བསྐྱར ་སྒྲིག་ཅུང་ཟད་དགོས་པ་དེ་བཞིན་བསྒྲིགས། ཡིག་ལྡེབ་འགའ་ཡི་ཐིག་ཕྲེང་གོང་འོག་ན་དཀྱུས་སུ་བཅུག་རྒྱུའི་ཡི་གེ་འགའ་ཞིག་འདུག་པ་བཅུག། ལོ་ཚིགས་ངེས་བདེ་བའི་ཕྱིར་སྤྱི་ལོ་དང་ཟུར་མཆན་འགའ་རེ་གསར་བཀོད་བཅས་གུག་རྟགས་སུ་བཅུག་སྟེ་ཤིན་ཏུ་དག་པར་བྱས་ཡོད་དོ།།
        ༈ གཞན་ཡང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ་འཇམ་མགོན་བློ་གྲོས་མཐའ་ཡས(༡༨༡༣-༡༨༩༩)ཀྱིས་ཡིག་ཆ་རྙིང་པ་ཁུངས་ཐུབ་ལས་ཉུང་ངུར་བསྡུས་ཏེ་མཛད་པའི་ཆོས་རྒྱལ་སྡེ་དགེའི་རྒྱལ་རབས་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས(༡༨༩༣-༡༩༥༩)ཀྱིས་ཡིག་རྙིང་ཁུངས་ཐུབ་ལས་བཏུས་ནས་མཛད་པའི་ཆོས་རྒྱལ་སྡེ་དགེའི་གདུང་རབས་མཚན་ཐོ། རྗེ་བཙུན་བླ་མ་དམ་པ་སྡེ་གཞུང་སྙན་གྲགས་ལུང་རིགས་ཉི་མའི་སྤྲུལ་སྐུ་བྱམས་པ་ཀུན་དགའ་བསྟན་པའི་ཉི་མས(༡༩༠༦-༡༩༨༧)མཛད་པའི་ཆོས་ལྡན་ས་སྐྱོང་རྒྱལ་པོ་སྡེ་དགེའི་གདུང་རབས་ཀྱི་མཚན་ཕྲེང་རིན་ཆེན་ཕྲེང་བ། འདིའི་མཇུག་ཅུང་ཟད་མཛད་འཕྲོ་ལུས་པ་ཁོ་བོས་ཁ་སྐོང་ཞུས་པ་བཅས་བཀོད་ཡོད།
        ༈ ཡོངས་སུ་གྲགས་ཆེ་བའི་སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་དང་གུ་བཀྲའི་རྙིང་མའི་ཆོས་འབྱུང་མཁྱེན་བརྩེའི་དབང་པོའི་འབེལ་གཏམ་བཅས་ལས་སྡེ་དགེའི་རྒྱལ་རབས་ཀྱི་སྐོར་བཞུགས་པ་འདིར་ཁོལ་དུ་ཕྱུང་ནས་བཀོད་པ་ལ། དེ་ཡང་ས་སྐྱོང་ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་མཆོག་གིས་བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེ་གངས་ཅན་གྱི་ལྗོངས་འདིར་འགྱུར་རོ་ཅོག་ལས་དེང་སང་ཇི་ཙམ་བཞུགས་པ་པར་དུ་བསྒྲུབས་པར་མཛད་དོ། །དེའི་ཚུལ་ལས་བརྩམས་པའི་གཏམ་ས་སྐྱོང་ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་གིས་བཀས་བསྐུལ་ཏེ་ཀུན་གཟིགས་ཏའི་སི་ཏུ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་སམ་མཚན་གཞན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས(༡༧༠༠-༡༧༧༤)རབ་བྱུང་བཅུ་གཉིས་པའི་ཆུ་མོ་གླང༡༧༣༣གི་ལོར་སྡེ་དགེའི་རྒྱལ་ཁབ་ནས་བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ངམ་ཡོངས་གྲགས་ལ་སྡེ་དགེའི་བཀའ་འགྱུར་དཀར་ཆག་ཏུ་འབོད་པ་རྩོམ་པར་མཛད་དོ།།
        དཀར་ཆག་འདིའི་བརྗོད་བྱ་ལ་བདག་ཅག་གི་སྟོན་པས་གང་དུ་བྱང་ཆུབ་བརྙེས་པའི་སྣོད་བཅུད་ཀྱི་འཇིག་རྟེན། སྟོན་པ་ཉིད་ཀྱིས་སྔོན་བྱང་ཆུབ་ཀྱི་ལམ་དུ་ཇི་ལྟར་གཤེགས་པའི་ཚུལ། བདག་ཅག་གི་སྟོན་པ་རྣམ་འདྲེན་ཤཱཀྱའི་དབང་པོའི་མཛད་པ། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང་བཀའ་བསྡུའི་བྱུང་བ་དང་བཅས་པ། རྒྱལ་བའི་བསྟན་པ་འཛམ་བུའི་གླིང་དུ་ཇི་ལྟར་བསྐྱངས་པའི་ཚུལ། རྒྱལ་བའི་གསུང་རབ་གངས་རིའི་ཁྲོད་དུ་དེང་སང་ཇི་ཙམ་སྣང་བ་པར་དུ་བསྒྲུབས་པའི་བྱུང་བ། བཞུགས་བྱང་དཀར་ཆག་དངོས། དེ་ལྟར་བཞེངས་པའི་དགོས་ཆེད་ཕན་ཡོན་བཅས་ལེགས་པར་བཤད་པའི་སྐབས་བརྒྱད་དམ་ཡལ་འདབ་བརྒྱད་དུ་བཞུགས་ཤིང་། དེ་ལས་འདིར་ཡལ་འདབ་གསུམ་པ་མིའི་དབང་པོ་བསྟན་པ་ཚེ་རིང་ཡབ་སྲས་ཀྱི་བདག་རྐྱེན་ལས་རྒྱལ་བའི་གསུང་རབ་གངས་རིའི་ཁྲོད་དུ་དེང་སང་ཇི་ཙམ་སྣང་བ་པར་དུ་བསྒྲུབས་པའི་བྱུང་བ་དངོས་ལེགས་པར་བཤད་པའི་ཡལ་འདབ་དེ་ཉིད་ཁོལ་དུ་ཕྱུང་བ་སྟེ། ཡལ་འདབ་འདིའི་ནང་གསེས་དཀྱུས་ཀྱི་ས་བཅད་ལ་བདག་རྐྱེན་བྱེད་པ་པོའི་ལོ་རྒྱུས་འཆད་པ་དང་། རྣམ་དཀར་གྱི་བྱ་བ་དངོས་སྨོས་པ་གཉིས། དང་པོ་ལའང་ལེགས་བྱས་རྒྱ་ཆེན་པོ་མངོན་པར་འདུ་བྱེད་པའི་ཡུལ་དང་། མིའི་དབང་པོའི་རིགས་རྒྱུད་ཀྱི་ཁྱད་པར། བདག་རྐྱེན་བྱེད་པ་པོའི་ཡོན་ཏན་རང་ཉིད་ཀྱིས་ཇི་ལྟར་མཐོང་བ་བཞིན་ངོ་བསྟོད་མེད་པར་བརྗོད་པ་བཅས་གསུམ་དང་། རྩ་བའི་ས་བཅད་གཉིས་པ་རྒྱལ་བའི་གསུང་རབ་པར་དུ་འཁོད་པའི་རྣམ་དཀར་གྱི་བྱ་བ་དངོས་སྨོས་པ་ལ། བཞེངས་པའི་དུས་དང་། ཕྱི་མོ་ཇི་ལྟར་བསགས་ཤིང་དག་པར་བགྱིས་པའི་ཚུལ། བཞེངས་ཚུལ་དངོས་བཅས་གསུམ་གྱི་སྒོ་ནས་ལེགས་པར་བཤད་ཡོད་དོ།།
        ༈ སྡེ་དགེ་ས་སྐྱོང་བླ་མ་ཆེན་པོ་ཀུན་དགའ་འཕྲིན་ལས་རྒྱ་མཚོའི་སྡེ་དཔལ་བཟང་པོས་རྨད་དུ་བྱུང་བའི་སྙིང་སྟོབས་དང་ཐུགས་བསྐྱེད་ཀྱིས་གཏོང་བའི་ཕྱག་རིང་དུ་བརྐྱངས་ཏེ། ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པ་བྱ་བའི་ཆོས་ཚན་བཞི་སྟོང་སུམ་བརྒྱ་ལྷག་བཞུགས་པ་གླེགས་བམ་བཀྲ་ཤིས་པའི་གྲངས་ཀྱིས་ལྷག་པའི་བརྒྱ་ཕྲག་གཉིས་ཀྱི་བདག་ཉིད་ཅན་གྱི་པར་གཞི་གསར་དུ་བཞེངས། དེའི་ཚུལ་ལས་བརྩམས་པའི་དཀར་ཆག་ཏུ་མདོ་སྔགས་རིག་གནས་རྒྱ་མཚོའི་གཞུང་ལ་མཁྱེན་རབ་ཀྱི་སྤྱན་རས་མཆོག་ཏུ་གསལ་ཞིང་། གངས་ཅན་གསུང་རབ་གཙུག་ལག་གི་བསྟན་པ་མི་ནུབ་པའི་རྒྱལ་མཚན་བསྒྲེང་བའི་ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་ཞུ་ཆེན་རིན་པོ་ཆེ་ཚུལ་ཁྲིམས་རིན་ཆེན་ནམ་ངག་དབང་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་དབྱངས་ཅན་སྙེམས་པའི་ལང་ཚོའི་སྡེ(༡༦༩༧-༡༧༧༤)ཞེས་བྱ་བས་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་བའི༡༧༤༤ལོ་ལ་སྡེ་དགེ་ལྷུན་འགྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་ནས་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པའམ་ཡོངས་གྲགས་ལ་སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུ་གྲགས་པ་ཞེས་བྱ་བ་བརྩམས་པར་མཛད་དོ།།
        དཀར་ཆག་འདིའི་བརྗོད་བྱ་ལ་ཡིད་ཆེས་སྐྱེ་སླད་བསྟན་པ་གང་ལས་བྱུང་བ་བརྗོད་པ་དང་། སྤྲོ་བ་འཕེལ་ཕྱིར་མཁས་པ་རྣམས་ཀྱིས་བསྟན་པར་བྱ་བ་བྱས་ཚུལ། དཀྲལ་བྱ་དམ་པའི་ཆོས་ཀྱི་རྣམ་གཞག །འགྲེལ་བྱེད་བསྟན་བཅོས་ཀྱི་རྣམ་གཞག །བསྟན་པ་གནས་པའི་ཆེད་དུ་དགོངས་འགྲེལ་པར་དུ་བསྒྲུབ་པར་བསྐུལ་བ། ཇི་ལྟར་བསྐུལ་བ་བཞིན་དགོངས་འགྲེལ་པར་དུ་སྒྲུབ་ཚུལ། དགོངས་དོན་རྟོགས་པ་སླ་ཕྱིར་ཆོས་ཀྱི་བཞུགས་བྱང་བཀོད་པ། རྩོམ་པ་དོན་ལྡན་བྱ་ཕྱིར་དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ་སྤྱི་དོན་བརྒྱད་དུ་བཞུགས་ཤིང་། བརྗོད་བྱའི་དོན་རྣམས་རྗོད་བྱེད་སྙན་ངག་གི་ལམ་ནས་དྲངས་པའི་རྒྱན་སྙན་ཞིང་འཇེབས་པས་མཁས་རྣམས་མགུ་བ་བསྐྱེད་པའི་མཆོད་སྤྲིན་དུ་གྱུར་པ། ཧ་ཅང་གོ་དཀའ་བའི་མངོན་བརྗོད་སོགས་ཀྱིས་མ་བསྒྲིབས་ཤིང་ཤེས་བྱ་སྤྱིའི་ཁོག་དབུག་སྟེ་རྒྱས་བསྡུས་འཚམས་པས་བློ་ཐ་མལ་ལུས་པ་དག་ཀྱང་བདེ་བླག་ཏུ་འཇུག་ཐུབ་པ་བཅས་གང་གིས་མཐོང་ཡང་བསྔགས་པར་འོས་པའི་ཡོན་ཏན་གྱི་ཁྱད་པར་དུ་མ་དང་ལྡན། སྐབས་འདིར་སྤྱི་དོན་བརྒྱད་ལས་སྤྱི་དོན་ལྔ་པ་བསྟན་པ་གནས་པའི་ཆེད་དུ་དགོངས་འགྲེལ་པར་དུ་བསྒྲུབ་པར་བསྐུལ་བ་དང་། སྤྱི་དོན་དྲུག་པ་བསྐུལ་བ་མི་ལྡོག་ཆེད་དུ་ཇི་ལྟར་པར་དུ་བསྒྲུབ་པ་གཉིས་ལོགས་སུ་བཏོན་ནས་འདིར་བཀོད་ཡོད། དེའང་སྤྱི་དོན་ལྔ་པ་བསྟན་པ་གནས་པའི་ཆེད་དུ་དགོངས་འགྲེལ་པར་དུ་བསྒྲུབ་པར་བསྐུལ་བ་ལ་ནང་གསེས་ཀྱི་ས་བཅད་ཇི་ལྟར་བཞུགས་པ་ཙམ་ཞིག་སྨྲོས་ན་གང་གིས་བསྐུལ་བ་བསྟན་པའི་སྒྲོན་མ་ཆེན་པོའི་ཁྱད་པར་དང་། གང་ལ་བསྐུལ་བ་བསྟན་པའི་རྩ་ལག་ཆེན་པོའི་ཁྱད་པར། དེ་ལྟར་པར་དུ་བསྒྲུབ་པར་བསྐུལ་བའི་དགོས་པ་གསུམ། དང་པོ་གང་གིས་བསྐུལ་བ་བསྟན་པའི་སྒྲོན་མ་ཆེན་པོའི་ཁྱད་པར་ལ། ངོས་གཟུང་བ་དང་། དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་གཉིས།གཉིས་པ་གང་ལ་བསྐུལ་བ་བསྟན་པའི་རྩ་ལག་ཆེན་པོའི་ཁྱད་པར་ལ་ངོས་བཟུང་བ་དང་། དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་གཉིས། གཉིས་པ་དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་ལ། རིགས་རུས་ཀྱི་ཁྱད་པར་བརྗོད་པ་དང་།ཡོན་ཏན་གྱི་ཁྱད་པར་བརྗོད་པ་གཉིས། གཉིས་པ་དེའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་ལ། ཡང་དག་པའི་ལུང་ལ་བརྟེན་ནས་སྐྱེ་བའི་སྤྲུལ་སྐུར་གྲུབ་པའི་ཁྱད་པར། གཞོན་ནུའི་ས་ལ་གནས་ནས་ཡ་རབས་ཀྱི་སྤྱོད་པ་བསྐྱངས་བའི་ཁྱད་པར། བསྟན་པའི་རྗེས་སུ་ཞུགས་ནས་ཐོས་པ་དང་ཚོགས་བསགས་ཀྱི་ཁྱད་པར། བསྟན་སྲིད་ཀྱི་ཁྲི་ལ་བཞུགས་ནས་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་ཁྱད་པར་བརྗོད་པ་བཞི། བཞི་པ་བསྟན་སྲིད་ཀྱི་ཁྲི་ལ་བཞུགས་ནས་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་ཁྱད་པར་ལ། ཁྲི་ལ་བཞུགས་པའི་དུས་སུ་བསོད་ནམས་ཀྱི་སྐལ་བར་ལྡན་པའི་ཁྱད་པར། སྐལ་བར་ལྡན་པས་བསྟན་པ་དང་འགྲོ་ལ་ཕན་པ་སྒྲུབ་པའི་ཁྱད་པར་གཉིས། གཉིས་པ་སྐལ་བར་ལྡན་པས་བསྟན་པ་དང་འགྲོ་ལ་ཕན་པ་བསྒྲུབ་པའི་ཁྱད་པར་ལ་ཡང་ཟང་ཟིང་གི་སྦྱིན་པས་བསྟན་པ་དང་འགྲོ་བ་ལ་ཕན་པ་བསྒྲུབ་པའི་ཁྱད་པར། ཆོས་ཀྱི་སྦྱིན་པས་བསྟན་པ་དང་འགྲོ་བ་ལ་ཕན་པ་བསྒྲུབ་པའི་ཁྱད་པར་། བྱམས་པ་དང་མི་འཇིགས་པའི་སྦྱིན་པས་བསྟན་པ་དང་འགྲོ་བ་ལ་ཕན་པ་བསྒྲུབ་པའི་ཁྱད་པར་གསུམ་མོ། །སྤྱི་དོན་དྲུག་པ་བསྐུལ་བ་མི་ལྡོག་ཆེད་དུ་ཇི་ལྟར་པར་དུ་བསྒྲུབ་པ་ལ་ཡང་། གང་དུ་བསྒྲུབ་པའི་ཡུལ་གྱི་ཁྱད་པར། ནམ་ཞིག་བསྒྲུབ་པའི་དུས་ཀྱི་ཁྱད་པར། ཇི་ལྟར་བསྒྲུབ་པའི་ལས་ཀྱི་འཁོར་ལོ་དང་གསུམ།
        གཉིས་པ་ནམ་བསྒྲུབ་པའི་དུས་ཀྱི་ཁྱད་པར་བཤད་པ་ལ།སྟོན་པའི་བསྟན་པ་གནས་པའི་ཚད་བཤད་པ། དེ་ལས་ཆོས་སྦྱིན་འདིའི་ཕྱི་མོ་བསྒྲུབ་པའི་དུས་བཀར་བ་གཉིས།དང་པོ་ལ་བཤད་པའི་ཚུལ་སོ་སོར་འགོད་པ་དང་། སྒྲ་ཇི་བཞིན་པའི་ལུང་ངོས་བཟུང་བ་གཉིས། གཉིས་པ་དེ་ལས་ཆོས་སྦྱིན་འདིའི་ཕྱི་མོ་བསྒྲུབ་པའི་དུས་བཀར་བ་ལ། མཁས་པ་གཞན་གྱི་བཞེད་པ་ལྟར་བཀར་བ་དང་། རང་ཉིད་འདོད་པའི་རྗེས་སུ་འབྲངས་ནས་བཀར་ཏེ་བཤད་པ་གཉིས། གསུམ་པ་པར་དུ་ཇི་ལྟར་སྒྲུབ་པའི་ཚུལ་ལ། མགོ་འཛིན་བཀོད་པའི་ཉེར་བསྡོགས་དང་། བྱ་བ་ལས་ཀྱི་འཁོར་ལོ་གཉིས། གཉིས་པ་བྱ་བ་ལས་ཀྱི་འཁོར་ལོ་ལ། ཞུས་དག་གི་རིམ་པས་ཡིད་རྟོན་པར་བསྒྲུབས་པ་དང་། དེ་ཉིད་པར་དུ་བསྒྲུབ་པར་རྩོམ་པ་དང་། བརྩམས་པའི་ལས་མཐར་ཕྱིན་པའི་ཚུལ་གསུམ། དང་པོ་ལ་ཕྱི་མོ་གང་ལ་གཏུགས་པ་དང་། ཞུས་དག་ཇི་ལྟར་བྱས་པའི་ཚུལ་གཉིས། གསུམ་པ་བརྩམས་པའི་ལས་མཐར་ཕྱིན་པའི་ཚུལ་ལ། ནམ་ཞིག་མཐར་ཕྱིན་པ་དང་། མཐར་ཕྱིན་པའི་བྱ་བ་གཉིས། གཉིས་པ་ལས་མཐར་ཕྱིན་པའི་བྱ་བ་ལ། གང་དུ་བཞུགས་པའི་རྟེན་གཙུག་ལག་ཁང་འདུ་བྱས་པ་དང་། ལས་བྱེད་པ་ཡོན་གྱིས་མཉེས་པར་བྱས་པ་དང་། བཀྲ་ཤིས་པའི་ངོ་མཚར་ཇི་ལྟར་བྱུང་བ་དང་། རབ་ཏུ་གནས་པ་བྱས་པ་གླེང་བ་བཞི། དང་པོ་ལ་སྔོན་དུ་ས་ཆོག་ཇི་ལྟར་བྱས་པ་དང་། དངོས་ཇི་ལྟར་འདུ་བྱས་པ་གཉིས། དང་པོ་ལ་ས་ཆོག་གི་དགོས་པ་དང་། ཆོ་ག་དངོས་དང་། དེ་ལས་ཇི་ལྟར་བཀར་བ་གླེང་བ་གསུམ། བཞི་པ་རབ་ཏུ་གནས་པ་ཇི་ལྟར་བྱས་པ་ལ། རྣམ་གཞག་སྤྱིར་བསྟན་པ་དང་། དབྱེ་བ་སོ་སོར་བཤད་པ་དང་། སྐབས་སུ་བབ་བའི་རབ་གནས་ངོས་བཟུང་བ་གསུམ། དང་པོ་རྣམ་གཞག་སྤྱིར་བསྟན་པ་ལ། རབ་གནས་ཀྱི་མཚན་ཉིད་དང་། སྒྲ་དོན། དགོས་པ་སྟེ་རྣམ་པ་གསུམ་བཅས་བཞུགས་སོ། །
        གཞན་ཡང་སྔ་འགྱུར་རྙིང་མའི་མཁས་པ་ཆེན་པོ་གུ་རུ་བཀྲ་ཤིས་ཀྱིས་འཛིང་སྟག་མོ་དགོན་དུ་རབ་བྱུང་བཅུ་བཞི་པའི་ཐོག་མ་མེ་ཡོས༡༨༠༧ལོར་དབུ་བརྩམས་ཏེ་བརྩམས་པར་མཛད་པའི་གསང་ཆེན་རྙིང་མའི་ཆོས་འབྱུང་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོའམ་ཡོངས་གྲགས་སུ་གུ་བཀྲའི་ཆོས་འབྱུང་དུ་གྲགས་པ་ལས་ས་ལ་སྤྱོད་པའི་ཚངས་པ་ཆོས་ཀྱི་རྒྱལ་པོ་སྡེ་དགེ་རིན་པོ་ཆེའི་གདན་རབས་མདོར་བསྡུས་འབྱུང་བ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་མཆོག(༡༨༢༠-༡༨༩༢)གིས་མཛད་པའི་འབེལ་གཏམ་སྐལ་བཟང་རྣ་བའི་བཅུད་ལེན་ལས་བྱུང་བའི་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་རིན་པོ་ཆེའི་རྒྱལ་རབས་བཅས་ཀྱང་ཁོལ་དུ་ཕྱུངས་ནས་བཀོད་ཡོད། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་འཕགས་པ་བརྒྱད་སྟོང་པ་བི་བརྟྟ་ཅན་གྱི་ཆོས་སྦྱིན་མི་ཟད་པའི་བྱུང་བ་བརྗོད་པ་ངོ་མཚར་དཔལ་གྱི་ཕྲེང་བ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་གཙུག་ལག་ཁང་བཀྲ་ཤིས་སྒོ་མང་རྟེན་དང་བརྟེན་པ་ཇི་ལྟར་བསྐྲུན་པ་ལས་བརྩམས་པའི་གླེང་བ་བདུད་རྩིའི་རླབས་ཕྲེང་དང་། ཆོས་སྡེའི་གཙུག་ལག་ཁང་གཞན་འཕྲུལ་མངོན་པར་དགའ་བ་ཞེས་བྱ་བ་བསྐྲུན་པ་ལས་འཕྲོས་པའི་གླེང་བ་ཀུན་དགའི་འཛུམ་ཟེར་འཛག་པའི་ཟླ་གཞོན་གཉིས། ཞེ་ཆེན་དྲུང་ཡིག་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག་འཆི་མེད་བདུད་རྩིའི་ཀླུང་ཆེན། སྡེ་དགེའི་ལྷ་སྲས་རིན་པོ་ཆེ་དམ་ཚིག་རྡོ་རྗེས་སྤེལ་བའི་ལྷ་འབྲང་དགོན་གྱི་གཏན་དེབ། སྡེ་དགེའི་དྲུང་ཡིག་འཕྲིན་ལས་ཀྱིས་མཛད་པའི་དུས་ངན་གདུག་པའི་དཔུང་ཚོགས་འཇོམས་པ་སྐུ་གསུམ་རིགས་འདུས་ཁྲོ་རྒྱལ་རྟ་མཆོག་རོལ་པ་དྲག་པོ་ཡེ་ཤེས་མེ་འབར་གཙོ་བོར་གྱུར་པའི་ལྷག་པའི་ལྷ་ཡི་སྙིང་པོ་ཀུན་འདུས་ཀྱི་ཕྱག་འཁོར་ལས་བཞི་ལྷུན་གྲུབ་མཆོག་གི་དཔལ་སྟེར་གྱི་ནང་དུ་གཟུངས་སྔགས་བཞུགས་བྱང་གི་དཀར་ཆག་ཉུང་གསལ་དོན་འདུས།ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ས་སྐྱ་དང་ངོར་ཨེ་ཝཾ་ཆོས་ལྡན་གཉིས་ཀྱི་རིང་ལུགས་འཛིན་པ་རྣམས་ཀྱིས་ཐོག་དྲངས་ས་ལུགས་ཡོངས་རྫོགས་ཀྱི་བསྟན་པའི་སྦྱིན་བདག་སྡེ་དགེ་ཆོས་རྒྱལ་རིན་བྱོན་གྱི་ཐུགས་དམ་དད་རྟེན་ཐང་སྐུ་ཆེ་ཆུང་བཅུ་བདུན་གྱི་དཀར་ཆག་ངོ་མཚར་རྒྱ་མཚོའི་བང་མཛོད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་འཛམ་གླིང་བཀྲ་ཤིས་འོད་འབར་གྱི་དཀར་ཆག་རྫོགས་ལྡན་དཔྱིད་ཀྱི་དབྱངས་སྙན་ནམ་མཚན་གཞན་ལ་རྒྱལ་ཁབ་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་ཕོ་བྲང་གི་རྟེན་གཙོ་ཐུབ་དབང་མཐོང་གྲོལ་ལྷ་ཁང་དུ་རྟེན་གསུམ་དཀར་ཆག་ཉུང་ངུར་བསྡུས་པ་ཇོ་ཁང་དཀར་ཆག་བྱ་བ། རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་བློ་གྲོས་རྒྱས་པའི་སྡེས་མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཇི་ལྟར་བཞེངས་ཚུལ་གྱི་ཡི་གེ་ཟླ་བ་ནོར་བུའི་མེ་ལོང་། ངོར་ཁང་སར་མཁན་པོ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་མགོན་པོ་ཚེ་དཔག་ཏུ་མེད་པའི་སྣང་བརྙན་མཐོང་ཐོས་དྲན་པའི་གདུང་སེལ་གྱི་དཀར་ཆག་ངོ་མཚར་ཤེལ་གྱི་པི་ཝང་། ལྡེབ།༢༣ ལྡེབ༡༦པ་ཆད། རྨུགས་སངས་ཚེ་རིང་བླ་མས(༡༩༠༡-༡༩༨༥)མཛད་པའི་དཔལ་ལྷུན་གྲུབ་སྟེང་གི་ཆོས་སྡེ་སྤྱི་དང་ཁྱད་པར་ཆོས་མཛོད་འཛམ་གླིང་རྒྱན་གཅིག་གི་རྟོགས་པར་བརྗོད་པ་ཉུང་ངུ་བུང་བ་གཞོན་ནུའི་མགྲིན་གླུ། ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས(༡༦༤༩-༡༧༠༥)ཀྱིས་མཛད་པའི་དགོན་གནས་ཀྱི་བཅའ་ཡིག་ལྷག་བསམ་རབ་དཀར། འཇམ་མགོན་བཀྲ་ཤིས་ལྷུན་འགྲུབ(༡༦༧༢-༡༧༣༩)ཀྱིས་མཛད་པའི་བཅའ་ཡིག་ལྷག་བསམ་མཛེས་རྒྱན། བོད་ཀྱི་བཀའ་བློན་ས་དབང་ཆེན་མོས་ས་སྤྱོད་སྡེ་དགེ་ཚང་ལ་བཅའ་ཡིག་བཞག་པའི་དབུ་ཚལ་དགའ་བ། ཚེ་དབང་ཕུན་ཚོགས་བསྟན་སྐྱོང་གིས་མཛད་པའི་སྙན་བརྒྱུད་མངའ་བདག་དྲིན་དབང་ཡབ་རྗེ་ས་སྐྱོང་བླ་མ་དམ་པར་གསོལ་བ་འདེབས་པ་བྱིན་རླབས་འདྲེན་པའི་ཤིང་རྟ། ཀཿཐོག་དགེ་རྩེ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ(༡༧༦༡-)གྱིས་མཛད་པའི་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་གྲངས་ལྡན། རྫོགས་ཆེན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས(༡༨༠༠-༡༨༥༥)ཀྱིས་མཛད་པའི་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ཞབས་བརྟན་ངག་འདོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་འཇིགས་བྲལ་དཔལ་ལྡན་བསྟན་པའི་ཉི་མ་འཆི་མེད་རྟག་པའི་རྡོ་རྗེ་སྲིད་ཞིའི་དབང་ཕྱུག་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྡེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་སྡེ་དགེ་ལྷ་སྲས་རིན་པོ་ཆེ་ཚེ་དབང་བདུད་འདུལ་ལ་གནང་བའི་ཐུགས་དམ་ཐང་ཀའི་ཞལ་བྱང་དང་། སྡེ་དགེ་ལྷ་སྲས་གསར་ཕེབས་ཀྱི་འཁྲུངས་བསང་བཀྲ་ཤིས་འཁྱིལ་པ། སྡེ་དགེའི་ལྷ་སྲས་རིན་པོ་ཆེའི་མཚན་འབུལ་དང་འབྲེལ་བའི་ཡི་གེ་སྲིད་ཞིའི་དོན་ཀུན་གྲུབ་པའི་དབྱངས་སྙན། སྡེ་དགེའི་ལྷ་སྲས་ཨོ་རྒྱན་སྐྱབས་ལ་ཞབས་བརྟན་བར་ཆད་རྐྱེན་བཟློག་བཅས། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོས་མཛད་པའི་ལྷོ་འཛམ་བུའི་གླིང་གི་གནས་མཆོག་འབྲི་རྒྱལ་གཉན་འདོང་གི་དཀར་ཆག་དང་། ཀ་ཞི་རའི་གནས་ཀྱི་དཀར་ཆག །ར་ས་གངས་ཅན་བྲག་དཀར་སོགས་ཀྱི་གནས་ཀྱི་དཀར་ཆག ། བཀའ་རྒྱལ་ཞི་ར་རྡོ་རྗེ་དོན་འགྲུབ་ཀྱི་བསང་མཆོད་ཉུང་བསྡུས། བུ་འཛོང་བསང་མཆོད། ལམ་ལྷའི་བསང་མཆོད་བསྡུས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཞེས་འབོད་བསྟན་དགྲ་ཚར་གཅོད་བཅས། ཁོ་བོས་བྱས་པའི་སྡེ་དགེའི་ཆོས་རྒྱལ་ཆེན་པོས་པར་ཁང་ཐོག་མར་བཞེངས་སྐབས་ཡི་རང་བརྐོས་ལྷ་ཀླུ་དགྱེས་ཀྱིས་ཁམས་བརྐོས་ཀྱི་སྲོལ་ཕྱེས་ཚུལ་ལས་འཕྲོས་ཏེ་ཁམས་བརྐོས་སོགས་ཀྱི་བྱུང་བ་ཅུང་ཟད་བརྗོད་པ་གུར་ཀུམ་ཆུན་པོ་བཅས་བསྡུས་ཡོད། ད་དུང་མ་འོངས་པར་སྡེ་དགེའི་རྒྱལ་པོ་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་མཛད་པའི་ས་དབང་བདེ་དགའ་བཟང་པོའི་སྐོར་གྱི་དོགས་སེལ་ནད་བརྒྱ་འཇོམས་པའི་སྨན་གཅིག། དཔལ་ལྡན་ས་སྐྱོང་དབང་མོ་ཆོས་དབྱིངས་བཟང་མོའི་རྣམ་དཀར་གྱི་འཕྲིན་ལས་ཆེ་རིམ་རྣམས་ཀྱི་བསྙེལ་བྱང་ཕན་བདེའི་རོལ་མཚོ་སོགས་སྡེ་དགེའི་རྒྱལ་རབས་དང་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་མང་པོ་ཞིག་རིམ་པས་བསྡུ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་ནི་ཞོར་འཕྲོས་སོ།།
        རྒྱལ་རབས་འདི་རྣམས་ཀྱི་སྤྱི་ཁོག་འབུགས་ཚུལ་ཡང་། དཔལ་སྤྲུལ་རིན་པོ་ཆེའི(༡༨༠༨-༡༨༨༧) ཆོས་འབྱུང་འབེལ་གཏམ་ལས། མས་གཏམ་འཇིག་རྟེན་གྱི་ལུགས་དང་སྦྱར་ན། གོང་ན་རྗེའི་གདུང་རབས། འོག་ན་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ་དང་གསུམ་དུ་ཤེས་པར་བྱ། ཞེས་གསུངས་པ་ལྟར། ཐོག་མར་ཡུལ་དམ་པ་དཀོན་མཆོག་ལ་མཆོད་བརྗོད་དང་། རིང་ནས་འགོ་བའི་བཀའ་སྲུང་དམ་ཅན་སྲུང་མའི་ཚོགས་ལ་བསྟོད་གསོལ་སྔོན་དུ་འགྲོ་བས། སྐབས་དོན་དངོས་དང་འབྲེལ་བའི་ས་སྐྱོང་ཆོས་རྒྱལ་སྡེ་དགེ་རྒྱལ་པོའི་གདུང་རབས་དང་རྒྱལ་རབས་ཁྲི་རབས་རིམ་བྱོན་སོགས་ཀྱི་ལོ་རྒྱུས་རྣམས་དམིགས་བཀར་འབུར་ཐོན་དུ་བཀོད་པ་ནི།ཇི་སྐད་དུ། གོང་སྨོས་ཆོས་འབྱུང་འབེལ་གཏམ་ལས། མགར་བློན་རིག་པ་ཅན་གྱི་བུ་རྒྱུད་མདོ་ཁམས་སྨད་ཀྱི་ཡུལ་གྲུར་བྱོན་ཏེ། སྡེ་དགེ་བླ་མ་ཞེས། མཚན་སྙན་གྱི་ཅོད་པན་དང་ལེགས་བྱས་ཀྱི་དབུ་འཕང་གསར་དུ་འཕོས་ཏེ། སྨད་གླིང་ཁམས་ཀྱི་ཡུལ་གྲུ་ཕལ་ཆེར་ལ་དབང་བསྒྱུར། སྨད་ཤར་སྡེ་འབྲོག་པའི་མི་རྒྱུད་དང་། ལྷོ་རོང་སྡེ་ཁང ་ཞིང་གི་བདག་པོ་རྫོང་ཁག་ཉི་ཤུ་རྩ་ལྔ། སྟོད་སྡེ་ཁྲི་སྐོར་མང་པོའི་རྒྱལ་པོར་གྱུར་ཏེ། གོང་མ་གནམ་གྱི་རྒྱལ་པོའི་བཀའ་ཤེལ་དམ་ལག་ཏུ་བཞག །ཐོབ་འཕྲུ་ཏོག་མགོ་ལ་བཙུགས། སྡེ་རང་ཐོབ་ཧོ་བཅུར་བྲིས་ནས་བསྐོས་པ་རྒྱས་མཛད་ཀྱང་། མཛད་པ་བོད་ཀྱི་སྲོལ་དུ་བྱས་ཏེ། བོད་སྔ་རབས་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཁྲིམས་སྲོལ་རྒྱུན་བསྐྱངས་ཏེ། ཉེས་ཅན་ལ་ཆད་པ་བྱས། སྡིག་ཅན་ལ་ཁྲིམས་ལུང་བསྟན། རྐུན་པོ་ལ་ཆད་འཇལ་ལེན། མི་བསད་ལ་རྒྱུ་སྟོང་འཇལ། བསད་པ་དང་རྐུ་བ་ཉེས་པའི་ཆེ་ཤོས་སུ་བྱས་ཏེ་དགེ་བ་བཅུའི་ཁྲིམས་བཙུགས། ལྔ་ལ་ལྔ་དཔོན། བཅུ་ལ་བཅུ་དཔོན། སྡེ་ལ་སྡེ་དཔོན། ཡུལ་ལ་རྫོང་དཔོན་བསྐོས་ཏེ་རྒྱལ་རབས་རིམ་པར་བརྒྱུད་པ་ནས།ད་ལྟའི་ལྷ་སྲས་མི་ཡི་རྗེ་བོ་འཇིགས་བྲལ་ཚེ་དབང་རྡོ་རྗེསྡེ་དགེའི་རྒྱལ་རབས་བཅོ་བརྒྱད་པ་ཚེ་དབང་རྡོ་རྗེ་རིག་འཛིན།ཞལ་དངོས་སུ་བཞུགས་པ་འདི་ནི་སྟེང་ན་རྗེ་ཡི་གདུང་རབས་ཞེས་ཟེར་ལ། ཞེས་དང་། སྨད་མདོ་ཁམས་ཀྱི་ཡུལ་གྲུ། ཆུ་ཐམས་ཅད་བསིལ་ལ་དྭངས། ཤིང་ཐམས་ཅད་དྲང་ལ་ལྡེམ། སྤང་ཐམས་ཅད་སྣུམ་ལ་བཀྲ། ཞིང་ཐམས་ཅད་ཕྱུག་ལ་གཤིན། རོང་སྡེ་དང་འབྲོག་སྡེ་འབྲེལ། བཟའ་བཏུང་གི་རྩོལ་སྒྲུབ་སླ། ཨར་ཇག་གི་རྒྱུ་འགྲུལ་ཉུང་། ས་གཞི་ཁ་རྒྱ་ཆེ། ལུང་པ་ཕུ་ཐག་རིང་། ས་དཔྱད་བཟང་དགུ་འཛོམ། ལྷ་ཆོས་གཙུག་ལག་གི་དཔྱད་འཛོམས་པས་དགེ་འདུན་གྱི་སྡེ་ཀུན་དར་རྒྱས་ཆེ། མི་ཆོས་ཕོ་བྲང་གི་ལེགས་དགུ་འཛོམས་པས་རྒྱལ་རབས་སྲིད་ཆུས་བརྟན་ཞིང་མངའ་ཐང་དང་ལོངས་སྤྱོད་རྒྱས། ཕལ་པ་དུར་མཚེར་འདེབས་ས་ལེགས་པས་མི་ཕྱུགས་ཡར་ལྡན་དུ་འཕེལ། གང་ཡང་ཕུན་སུམ་ཚོགས་པས་ཡུལ་ལ་དགེ་བཅུ་ཚང་བ་སྟེ། སྟོང་སྡེ་སྲིད་པའི་ཆགས་ཚུལ་ཞེས་བྱ། ཞེས་ཇི་ལྟར་གསུངས་པ་ལྟ་བུའི་ལོ་རྒྱུས་ངོ་མཚར་ཁྱད་ཆོས་ཕུན་སུམ་ཚོགས་པའི་ས་སྐྱོང་སྡེ་དགེའི་རྒྱལ་རབས་ཀྱི་སྐོར་སོགས་རིམ་བསྟར་དུ་བཀོད་གནང་འདུག་པ་ནི་བསྔགས་འོས་སུ་ཆེ་བ་ལགས་སོ།།
         འདིར་བསྡུས་པའི་རྒྱལ་རབས་ཀྱི་སྐོར་རྣམས་ནི་དངོས་ཡོད་གནས་ཚུལ་ལ་ཐོས་རྒྱ་མཐོང་རྒྱ་དང་རྒྱུས་མངའ་ཆེ་བའི་རྩོམ་པ་པོ་སོ་སོས་སྡེ་དགེ་དང་འབྲེལ་བའི་རྒྱལ་རབས། ལོ་རྒྱུས། དེབ་ཐེར། ཆོས་འབྱུང་། གདན་རབས། གདུང་རབས། རྣམ་ཐར། རུས་མཛོད། འབེལ་གཏམ་སོགས་དཔྱད་ཡིག་ཁག་ལ་གཟིགས་ཞིབ་དུས་ཡུན་རིམ་ཅན་དུ་གནང་སྟེ། སྲིད་ན་རྙེད་པར་དཀའ་བའི་ཕ་ཟོག་དྲེག་པ་ནག་ཅབ་ཅབ་ཅན་གྱི་རུས་མཛོད་དང་མེས་རབས་ཀྱི་ཡིག་སྣ་རྣམས་གཞིར་བཞག། ངག་རྒྱུན་ཁུངས་མ་མ་ཟོག་གཡུ་ཁྲ་སྔོན་མོ་རྣམས་ཀྱིས་ཟུར་བརྒྱན་ཏེ། ངེས་དོན་གཏན་ལ་ཕབ།ལྷད་མ་བཅུག །སྒྲོ་མ་བཏགས། སྐུར་པ་མ་བཏབ། གྲ་ཆག་ཟུར་ཉམས་སུ་མ་བཏང་བར། འཐོར་བ་གཅིག་ཏུ་བསྡུས། འཁྲུགས་པ་གོ་རིམ་བསྡེབས་པའི་ཚུལ་གྱིས་བདག་བསྟོད་གཞན་སྨད་དང་ཉེ་དགའ་ཕྱོགས་ལྷུང་སྤངས་ཏེ་བདེན་པ་དང་དྲང་པོ་ལ་གཞི་བཅོལ་ཏེ་མཐའ་གཉིས་སུ་མ་ལྷུང་བར་གཟུ་བོའི་བློས་བརྟགས་ཤིང་དཔྱད་ནས་གཏན་ལ་ཕབ་པ་དང་། རི་བོང་ཅལ་འདྲོག་དང་གྱ་ཚོམ་གཡམ་རྒྱུག་མ་མཛད་པར་བབས་བརླིང་བརྟན་གསུམ་གྱིས་དྲང་པོའི་གཞུང་བསྲང་སྟེ་ཡ་རབས་དྲྭ་མའི་ལུགས་སུ་བྲིས་པ་ཤ་སྟག་ཏུ་མཐོང་བ་ལགས་སོ།།
        ༈ འདིར་ཕྱོགས་བསྡུ་མ་ཐུབ་པའི་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་ལ། དེ་ཡང་མི་རྟག་དུས་ཀྱི་འགྱུར་བའི་འཕེལ་འགྲིབ་དང་། མི་སེམས་གདོན་གྱིས་བཟུང་བའི་ཉེར་རྒྱུ་སོགས་ལ་བརྟེན་ཏེ་བོད་ཀྱི་གསུང་རབ་དང་རིག་དངོས་སྤྱིའི་གོད་ཆག་ལྟར། རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་ཞིག་ཀྱང་བར་སྐབས་ཀྱི་དུས་འགྱུར་རྣམས་ཀྱི་སྐབས་སུ་རྩ་མེད་དུ་གྱུར་ནས་རང་ཅག་གི་སྤྱོད་ཡུལ་དུ་མ་གྱུར་པ་ཡང་ཡོད་པ་སྨོས་མ་དགོས་པ་རེད། ད་དུང་རང་ཅག་བོད་པ་ཚང་ལ་སྔོན་གོམས་བག་ཆགས་ལྟ་བུས་རུས་མཛོད་དང་གདུང་རབས་སོགས་ཆེ་དགེའི་ཡིག་ཚང་གི་རིགས་གཡང་རྟེན་དུ་བརྩིས་ནས་ཕྱི་མི་སུ་ལ་ཡང་མི་སྟོན་པའི་གོམས་གཤིས་ཤིག་ཡོད་པ་དང་། མ་ཟད་ད་དུང་དེང་སང་ཡིན་ན་རྙིང་པ་ཡིན་ཚད་ལ་རིན་གོང་ཆེན་པོ་ཐོབ་ཤག་གིས་གཞན་སུ་ལའང་མི་སྟོན་པར་ཚོང་པ་ཁ་བསླུ་ཅན་གྱི་ལག་ཏུ་ཤོར་བའང་རེ་འགའ་ཡོད་སྲིད་པ་རེད། སྡེ་དགེའི་རྒྱལ་རབས་ལོ་རྒྱུས་རྣམས་སུ་གསལ་ཡང་མཇལ་རྒྱུ་མ་བྱུང་བ་དཔེར་ན། སྡེ་དགེའི་གདུང་རབས་འདི་ཉིད་ཀྱི་ཐོག་མའི་ལོ་རྒྱུས་གསལ་བའི་མགར་ཆོས་སྡིངས་པ་ཁུ་དབོན་གྱི་རྣམ་ཐར། རྔུ་པ་གྲུབ་ཐོབ་ཆོས་ཀྱི་རྡོ་རྗེ་རིན་པོ་ཆེའི་བཀའ་འབུམ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོའི་བཀའ་འབུམ། བསོ་པ་གྲུབ་ཐོབ་དབང་དྲག་རྒྱ་མཚོའི་བཀའ་འབུམ། གྲུབ་དབང་བླ་མ་སངས་རྒྱས་རྒྱ་མཚོའི་གསུང་སྡེ་དགེའི་རྒྱལ་རབས་ལོ་རྒྱུས་སྐོར་ཐོར་བུ།ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཀྱི་དྲུང་ཡིག་ཕུན་ཚོགས་ཆོས་གྲགས་ཀྱིས་སྔ་ཕྱིར་བསྒྲིགས་པའི་སྡེ་དགེའི་ཡིག་ཚང་། སྡེ་དགེའི་དྲུང་ཡིག་ལྷ་འཕེལ་གྱི་ཉམས་མཚར་གཏམ་རྒྱུད་དྲི་ཟའི་རྒྱུད་མང་། ཞེ་ཆེན་དྲུང་ཡིག་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་ཞལ་ལྕེ་བཅུ་དྲུག་གི་རྣམ་གཞག་རྒྱས་པར་བཤད་པ་མི་བསྲུན་ཚད་ནད་འཇོམས་པའི་ག་བུར་ཐིགས་པ། སྐུ་ཚེ་རྨུགས་སངས་འཇམ་དཔལ་བཟང་པོས་མཛད་པའི་སྡེ་དགེའི་གསང་བའི་རྒྱལ་རབས་སོགས་ཏེ། དེ་དག་གི་དཔེ་རྒྱུན་བཞུགས་མིན་རྩད་གཅོད་དགོས་པ་མ་ཟད། སུ་གང་ལ་མ་དཔེ་ཡོད་ན་དཔེ་མཁྱུད་དང་སྒེར་གཅོད་ཀྱིས་དཔེ་བཙོན་བཅུག་མི་མཛད་པར་ལྷག་བསམ་རྣམ་དག་གིས་མཁོ་འདོན་དར་སྤེལ་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པ་དང་།འདིར་བསྡུས་པ་དག་ལ་ཡང་ཆད་ལྷག་ནོར་འཁྲུགས་བཅས་ཡོད་མི་སྲིད་པ་མིན་པས་ལྐོག་བཤད་དང་། ཟུར་ཟ།ཕྲག་དོག །འགྲན་སེམས་སོགས་མིན་པར། རང་རིགས་ཀྱི་རིག་གཞུང་ལ་ཤ་ཚ་ཞིང་འགན་འཁུར་ཡོད་པ་དང་། བློ་གཟུ་བོར་གནས་པའི་སྒོ་ནས་ཡོ་བསྲངས་དང་། དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུ་ཁ་མིན་དོན་གྱིས་གསོལ་བ་འདེབས་པ་ལགས་ན་དེ་དེ་བཞིན་དུ་དགོངས་པ་མངའ་བ་ཞུ།
        འབྲེལ་ཡོད་མི་སྣར་བཀའ་དྲིན་ཞུ་རྒྱུ་ལ། བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་གྱི་ཕྱོགས་ལ་མཛད་འཕྲིན་བླ་ན་མེད་པ་སྐྱོང་བའི་མཆེད་གྲོགས་དམ་པ་ཁྲོམ་ཐལ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་མཆོག་གིས་མ་བསྐུལ་དང་བླངས་ཀྱིས་རྒྱལ་རབས་འདི་ཉིད་རྒྱ་ཆེའི་གཟིགས་པ་པོ་རྣམ་པའི་སྤྱན་སྔར་སྤར་སྐྲུན་འགྲེམ་སྤེལ་ཐུབ་པ་བྱུང་བས་གྲོགས་མཆོག་དམ་པ་གང་ལ་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་། མ་ཚད་ད་དུང་མ་དཔེ་འཚོལ་སྡུད་ཀྱི་སྐོར་དང། མ་དཔེ་བུ་དཔེ་མཁོ་འདོན་གནང་མཁན་རྣམ་པ་དང་། དུས་རྒྱུན་ཁོ་བོའི་བྱ་བ་ལ་མཐོང་གཟིགས་དང་རྒྱབ་སྐྱོར་གནང་མཁན་རྣམ་པར་སོར་བཅུའི་ཐལ་མོ་སྙིང་ཁར་ཟུམ་སྟེ་ཐུགས་རྗེ་ཆེ་ཞུ་བ་ཡིན།
        ད་ལན་སྡེ་དགེ་ཚང་གི་རྒྱལ་རབས་ལོ་རྒྱུས་བསྡུ་སྒྲིག་བྱས་པ་འདིས། བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་ཁྱད་པར་སྡེ་དགེའི་ལོ་རྒྱུས་དང་རིག་གཞུང་ལ་དོ་སྣང་ཡོང་བའི་སྐུལ་མ་དང་། སྡེ་དགེའི་ལོ་རྒྱུས་ཀྱི་སྟོང་ཆ་གསབ་པར་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པའི་ཁུལ་ཡིན་པས་ཀློག་པ་པོ་ཡོངས་ཀྱི་ཡིད་ཀྱི་པདྨོ་བཞད་པའི་གསོས་སུ་འགྱུར་བ་དང་། ལྷག་པར་ལོ་རྒྱུས་རང་བཞིན་ལྡན་པའི་སྡེ་དགེ་རྒྱལ་པོའི་མངའ་ཁོངས་ཀྱི་གཞོན་སྐྱེས་རྣམས་ལུས་ཀྱི་ལང་ཚོ་རྒྱས། བློ་རིག་བཀྲ་བའི་དོན་སྒོ་རང་གི་མེས་པོ་ཆོས་རྒྱལ་གོང་མ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་། ཁྱད་པར་དུ་ཆོས་རྒྱལ་སྡེ་དགེ་རྒྱལ་པོའི་རླབས་ཆེན་དགོངས་བཞེད་ལས་བྱུང་བའི་ཆོས་རིག་གི་བཞག་པ་བཟང་པོ་རྣམས་དང་རང་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ལ་འབད་བརྩོན་ལྷོད་མེད་དུ་གནང་རྒྱུའི་གསོལ་བ་ལན་བརྒྱར་འདེབས་པ་ལགས་སོ།།
        ཞེས་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོའི་ནག་པ་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན། བོད་ཀྱི་ལོ་རྒྱུས་སྨྲ་བའི་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་སུ་འབོད་པ་དེས། སྡེ་དགེ་ལྔ་རིག་བཤད་གྲྭ་བྱ་རྒོད་སྤུངས་རི་ཤེས་རབ་དགའ་ཚལ་གྱི་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་བྲིས་པ་དགེའོ། །
སྡེ་དགེའི་རྒྱལ་རབས་ཀྱི་དཀར་ཆག།
1  སྡེ་དགེའི་དྲུང་ཡིག་ཨོ་རྒྱན་ཡེ་ཤེས་ཀྱིས་མཛད་པའི་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་རྣམ་པར་སྤེལ་བའི་ཕྱི་མོར་བསྒྲུབས་པའི་རབ་ཏུ་བྱེད་པ་མཐོང་ན་མངོན་པར་དགའ་བ།
2  ཞེ་ཆེན་དྲུང་ཡིག་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་མདོ་སྨད་ནོར་ལྡན་གྱི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་ས་དབང་སྡེ་དགེའི་གདུང་རབས་ལས་འབེལ་བའི་གཏམ་བཤད་ངོ་མཚར་མིག་གི་གཏེར་མཛོད།
3  སྡེ་དགེའི་བླ་སྨན་གུ་རུ་འཕེལ་གྱིས་མཛད་པའི་དཔལ་ལྡན་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་གདུང་རབས་ཁམས་གསུམ་ཟིལ་གནོན་འབྲེལ་ཚད་དོན་ལྡན།
4  སྡེ་དགེའི་ས་སྐྱོང་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་མཛད་པའི་དཔལ་ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ་འདོད་དགུ་རབ་འཕེལ།
5  འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཆོས་རྒྱལ་སྡེ་དགེའི་རྒྱལ་རབས།
6  གྲུབ་དབང་དཔལ་ཆེན་འདུས་པས་མཛད་པའི་ས་སྐྱོང་སྡེ་དགེའི་རྒྱལ་རབས་མདོར་བསྡུས་བཻ་ཌཱུཪྱའི་དོ་ཤལ།
7  རྨུགས་སངས་ཚེ་རིང་བླ་མས་མཛད་པའི་ཆོས་རྒྱལ་སྡེ་དགེའི་རྒྱལ་རབས་ཉུང་ངུར་བསྡུས་པ་ངག་གི་ས་བོན་ཨུཏྤལ་ཆུན་པོ།
8  རྨུགས་སངས་ཚེ་རིང་བླ་མས་མཛད་པའི་དཔལ་ལྷུན་གྲུབ་སྟེང་གི་ཆོས་སྡེ་སྤྱི་དང་ཁྱད་པར་ཆོས་མཛོད་འཛམ་གླིང་རྒྱན་གཅིག་གི་རྟོགས་པར་བརྗོད་པ་ཉུང་ངུ་བུང་བ་གཞོན་ནུའི་མགྲིན་གླུ།
9  འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་ཆོས་རྒྱལ་སྡེ་དགེའི་གདུང་རབས་མཚན་ཐོ། 
10 སྡེ་གཞུང་ལུང་རིགས་སྤྲུལ་སྐུས་མཛད་པའི་ཆོས་ལྡན་ས་སྐྱོང་རྒྱལ་པོ་སྡེ་དགེའི་གདུང་རབས་ཀྱི་མཚན་ཕྲེང་རིན་ཆེན་ཕྲེང་བ།
11. སི་ཏུ་པཎ་ཆེན་གྱི་བཀའ་འགྱུར་དཀར་ཆག་ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས་བཏུས་པའི་རྒྱལ་བའི་གསུང་རབ་གངས་རིའི་ཁྲོད་དུ་དེང་སང་ཇི་ཙམ་སྣང་བ་པར་དུ་བསྒྲུབས་པའི་བྱུང་བ་ལེགས་པར་བཤད་པ།
12. ཞུ་ཆེན་མ་ཧཱ་པཎྜི་ཏའི་བསྟན་འགྱུར་དཀར་ཆག་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་ལས་བཏུས་པའི་ས་སྐྱོང་སྡེ་དགེའི་རྒྱལ་རབས།
13.  གུ་བཀྲའི་ཆོས་འབྱུང་ལས་བཏུས་པའི་ས་ལ་སྤྱོད་པའི་ཚངས་པ་ཆོས་ཀྱི་རྒྱལ་པོ་སྡེ་དགེ་རིན་པོ་ཆེའི་གདན་རབས་མདོར་བསྡུས།
14. འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་འབེལ་གཏམ་སྐལ་བཟང་རྣ་བའི་བཅུད་ལེན་ལས་བྱུང་བའི་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་རིན་པོ་ཆེའི་རྒྱལ་རབས།
15. མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་འཕགས་པ་བརྒྱད་སྟོང་པ་བི་བརྟྟ་ཅན་གྱི་ཆོས་སྦྱིན་མི་ཟད་པའི་བྱུང་བ་བརྗོད་པ་ངོ་མཚར་དཔལ་གྱི་ཕྲེང་བ།
16. ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་གཙུག་ལག་ཁང་བཀྲ་ཤིས་སྒོ་མང་རྟེན་དང་བརྟེན་པ་ཇི་ལྟར་བསྐྲུན་པ་ལས་བརྩམས་པའི་གླེང་བ་བདུད་རྩིའི་རླབས་ཕྲེང་།
17. ཆོས་སྡེའི་གཙུག་ལག་ཁང་གཞན་འཕྲུལ་མངོན་པར་དགའ་བ་ཞེས་བྱ་བ་བསྐྲུན་པ་ལས་འཕྲོས་པའི་གླེང་བ་ཀུན་དགའི་འཛུམ་ཟེར་འཛག་པའི་ཟླ་གཞོན།
18. ཞེ་ཆེན་དྲུང་ཡིག་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག་འཆི་མེད་བདུད་རྩིའི་ཀླུང་ཆེན།
19. ངོར་ཁང་སར་མཁན་པོ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་མགོན་པོ་ཚེ་དཔག་ཏུ་མེད་པའི་སྣང་བརྙན་མཐོང་ཐོས་དྲན་པའི་གདུང་སེལ་གྱི་དཀར་ཆག་ངོ་མཚར་ཤེལ་གྱི་པི་ཝང་།
20. ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་བསྟན་པའི་སྦྱིན་བདག་སྡེ་དགེ་ཆོས་རྒྱལ་རིན་བྱོན་གྱི་ཐུགས་དམ་དད་རྟེན་ཐང་སྐུ་ཆེ་ཆུང་བཅུ་བདུན་གྱི་དཀར་ཆག་ངོ་མཚར་རྒྱ་མཚོའི་བང་མཛོད།
21. འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་འཛམ་གླིང་བཀྲ་ཤིས་འོད་འབར་གྱི་དཀར་ཆག་རྫོགས་ལྡན་དཔྱིད་ཀྱི་དབྱངས་སྙན།
22. རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་བློ་གྲོས་རྒྱས་པའི་སྡེས་མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཇི་ལྟར་བཞེངས་ཚུལ་གྱི་ཡི་གེ་ཟླ་བ་ནོར་བུའི་མེ་ལོང་།
23. སྡེ་དགེའི་ལྷ་སྲས་རིན་པོ་ཆེ་དམ་ཚིག་རྡོ་རྗེས་སྤེལ་བའི་ལྷ་འབྲང་དགོན་གྱི་གཏན་དེབ།
24. སྡེ་དགེའི་དྲུང་ཡིག་འཕྲིན་ལས་ཀྱིས་མཛད་པའི་དུས་ངན་གདུག་པའི་དཔུང་ཚོགས་འཇོམས་པ་སྐུ་གསུམ་རིགས་འདུས་ཁྲོ་རྒྱལ་རྟ་མཆོག་རོལ་པ་དྲག་པོ་ཡེ་ཤེས་མེ་འབར་གཙོ་བོར་གྱུར་པའི་ལྷག་པའི་ལྷ་ཡི་སྙིང་པོ་ཀུན་འདུས་ཀྱི་ཕྱག་འཁོར་ལས་བཞི་ལྷུན་གྲུབ་མཆོག་གི་དཔལ་སྟེར་གྱི་ནང་དུ་གཟུངས་སྔགས་བཞུགས་བྱང་གི་དཀར་ཆག་ཉུང་གསལ་དན་འདུས།
25. ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་དགོན་གནས་ཀྱི་བཅའ་ཡིག་ལྷག་བསམ་རབ་དཀར།
26. འཇམ་མགོན་བཀྲ་ཤིས་ལྷུན་འགྲུབ་ཀྱིས་མཛད་པའི་བཅའ་ཡིག་ལྷག་བསམ་མཛེས་རྒྱན།
27. བོད་ཀྱི་བཀའ་བློན་ས་དབང་ཆེན་མོས་ས་སྤྱོད་སྡེ་དགེ་ཚང་ལ་བཅའ་ཡིག་བཞག་པའི་དབུ་ཚལ་དགའ་བ།
28. ཚེ་དབང་ཕུན་ཚོགས་བསྟན་སྐྱོང་གིས་མཛད་པའི་སྙན་བརྒྱུད་མངའ་བདག་དྲིན་དབང་ཡབ་རྗེ་ས་སྐྱོང་བླ་མ་དམ་པར་གསོལ་བ་འདེབས་པ་བྱིན་རླབས་འདྲེན་པའི་ཤིང་རྟ།
29. ཀཿཐོག་དགེ་རྩེ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་གྱིས་མཛད་པའི་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་གྲངས་ལྡན།
30. རྫོགས་ཆེན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ཞབས་བརྟན་ངག་འདོན།
31. འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་འཇིགས་བྲལ་དཔལ་ལྡན་བསྟན་པའི་ཉི་མ་འཆི་མེད་རྟག་པའི་རྡོ་རྗེ་སྲིད་ཞིའི་དབང་ཕྱུག་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྡེ།
32. ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་སྡེ་དགེ་ལྷ་སྲས་རིན་པོ་ཆེ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེའི་གསུང་ལན།
33. འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་སྡེ་དགེ་ལྷ་སྲས་རིན་པོ་ཆེ་ཚེ་དབང་བདུད་འདུལ་ལ་གནང་བའི་ཐུགས་དམ་ཐང་ཀའི་ཞལ་བྱང་།
34. འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་སྡེ་དགེ་ལྷ་སྲས་གསར་ཕེབས་ཀྱི་འཁྲུངས་བསང་བཀྲ་ཤིས་འཁྱིལ་པ།
35. འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་སྡེ་དགེའི་ལྷ་སྲས་རིན་པོ་ཆེའི་མཚན་འབུལ་དང་འབྲེལ་བའི་ཡི་གེ་སྲིད་ཞིའི་དོན་ཀུན་གྲུབ་པའི་དབྱངས་སྙན།
36. འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་སྡེ་དགེའི་ལྷ་སྲས་ཨོ་རྒྱན་སྐྱབས་ལ་ཞབས་བརྟན་བར་ཆད་རྐྱེན་བཟློག
37. སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོས་མཛད་པའི་ལྷོ་འཛམ་བུའི་གླིང་གི་གནས་མཆོག་འབྲི་རྒྱལ་གཉན་འདོང་གི་དཀར་ཆག།
38. ཀ་ཞི་རའི་གནས་ཀྱི་དཀར་ཆག །
39. ར་ས་གངས་ཅན་བྲག་དཀར་སོགས་ཀྱི་གནས་ཀྱི་དཀར་ཆག།
40. ཀ་རྒྱལ་ཞི་ར་རྡོ་རྗེ་དོན་འགྲུབ་ཀྱི་བསང་མཆོད་ཉུང་བསྡུས།
41. བུ་འཛོང་བསང་མཆོད།
42. ལམ་ལྷའི་བསང་མཆོད་བསྡུས་པ།
43. དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཞེས་འབོད་བསྟན་དགྲ་ཚར་གཅོད།
44. སྡེ་དགེའི་ཆོས་རྒྱལ་ཆེན་པོས་པར་ཁང་ཐོག་མར་བཞེངས་སྐབས་ཡི་རང་བརྐོས་ལྷ་ཀླུ་དགྱེས་ཀྱིས་ཁམས་བརྐོས་ཀྱི་སྲོལ་ཕྱེས་ཚུལ་ལས་འཕྲོས་ཏེ་ཁམས་བརྐོས་སོགས་ཀྱི་བྱུང་བ་ཅུང་ཟད་བརྗོད་གུར་ཀུམ་ཆུན་པོ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།