༄༅།།《སྲིད་པའི་ཆོས་འབྱུང》པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-01-12 09:49:36 ཀློག་གྲངས།:
      མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་ལགས་ཀྱིས་མི་ལོ་བཞི་ལ་བརྩམས་ཤིང་གྲུབ་པའི《སྲིད་པའི་ཆོས་འབྱུང》ཞེས་པའི་དེབ་འདི། རུས་རྒྱུད་ཚོ་པའི་ཆོས་ལུགས་དང་། མི་རིགས་ཆོས་ལུགས། འཛམ་གླིང་ཆོས་ལུགས་བཅས་རབ་བྱེད་གསུམ་དུ་དབྱེ་ཞིང་། རབ་བྱེད་དང་པོར་ཐོ་ཐེམ་མཆོད་བཀུར་དང་འབྲེལ་བའི་རུས་རྒྱུད་ཚོ་པའི་ཆོས་ལུགས་སྟེ་འགྲོ་བ་མིའི་རིགས་ཀྱི་གདོད་མའི་ཆོས་ལུགས་བྱུང་བའི་དུས་རབས་དང་། རིགས། དབྱེ་བ། ངོ་བོ་དང་ཆོ་ག་སོགས་ཀྱི་སྐོར་བསྟན་ལ། རབ་བྱེད་གཉིས་པར་ལྷ་འདྲེར་མཆོད་བཀུར་དང་འབྲེལ་བའི་མི་རིགས་ཆོས་ལུགས་ལ་གནའ་བོའི་ཨེ་ཇིབ་དང་། བྷ་པུ་ལེང་། སྟག་གཟིག ཡ་ཧུ་ད། བྲམ་ཟེའམ་ཧིན་དྷི། གྷི་རིག རོམ། ཏཽ་ཟི། བོན་སོགས་ཀྱི་ཆོས་ལུགས་ཀྱི་བྱུང་འཕེལ་དང་ལྟ་སྒོམ་སྤྱོད་གསུམ་སོགས་རེ་རེ་བཞིན་ངོ་སྤྲོད་བྱས་ཡོད་ལ། རབ་བྱེད་གསུམ་པར་བཀའ་བསྟན་ཆོས་གཞུང་དང་འབྲེལ་བའི་འཛམ་གླིང་རང་བཞིན་ཅན་གྱི་ཆོས་ལུགས་ཆེན་པོ་གསུམ་སྟེ་སངས་རྒྱས་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་གསུམ་གྱི་གནས་ཚུལ་ཅུང་རྒྱས་པར་བཀོད་ཡོད་པས། ཀློག་པ་པོ་རྣམས་ལ་མཚོན་ན། ཆོས་ལུགས་གཞན་དང་མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་དང་བརྟག་དཔྱད། རང་ཅག་གི་ཡུལ་སྲོལ་གོམས་གཤིས་འདི་དག་གི་འབྱུང་ཁུངས་དང་དེའི་འཕེལ་འགྱུར། ཆོས་ལུགས་དང་སྤྱི་ཚོགས་བར་གྱི་འབྲེལ་བ་སོགས་ལ་རྒྱུས་ལོན་བྱེད་པའི་ཡིག་ཆ་ཡག་པོ་ཞིག་ཏུ་མཐོང་ལ། ལྷག་པར་དུ་མི་རིགས་དང་ཆོས་ལུགས་ཀྱི་ལས་དབང་ལ་བསམ་བློ་གཏོང་མཁན་གྱི་དགེ་འདུན་པའི་ཚོགས་དང་གཞོན་སྐྱེས་སློབ་གྲྭ་ཆེན་མོ་བ་རྣམས་ལ་གནའ་དེང་ཆོས་ལུགས་བཅུ་གཉིས་ཀྱི་བྱུང་འཕེལ་དང་ལས་དབང་། དེས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱུན་འཛིན་དར་སྤེལ་ཇི་ལྟར་གཏོང་ཐབས་སོགས་ཀྱི་ཐད་ནས་རིག་ལམ་ཡང་དག་པ་རེ་རྙེད་པར་ཕན་ངེས་པར་མཐོང་ནས་འདི་ག་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་འགྲེམས་སྤེལ་ཞུས་པ་ལགས།
      དེ་ཡང་རྩོམ་པ་པོས་ཆོས་འབྱུང་འདིའི་ལུང་ཁུངས་ཡང་དག་དང་ཚད་ལྡན་ཡོང་ཕྱིར། ཁོ་བོས་སྔ་ཕྱིར་ཆོས་འབྱུང་ལོ་རྒྱུས་དང་ཆོས་ལུགས་རིག་པའི་སྐོར་གྱི་བསྟན་བཅོས་ཉིས་བརྒྱ་བཅུ་དྲུག་ཙམ་བཀླགས་ཤིང་། དེ་ལས་བསྟན་བཅོས་ཆིག་བརྒྱ་དང་གསུམ་གྱི་བཞེད་དགོངས་རྩ་བར་བཟུང་སྟེ། ཨེ་ཇིབ་ཆོས་ལུགས་དང་བྷ་པུ་ལེང་ཆོས་ལུགས། སྟག་གཟིག་ཆོས་ལུགས། གྷི་རིག་ཆོས་ལུགས། རོམ་གྱི་ཆོས་ལུགས། བོན་གྱི་ཆོས་ལུགས། ཏོོ་ཟིའི་ཆོས་ལུགས། ཡ་ཧུ་དའི་ཆོས་ལུགས། བྲམ་ཟེའི་ཆོས་ལུགས། སངས་རྒྱས་ཆོས་ལུགས།  ཁ་ཆེའི་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་པའི་ཆོས་ལུགས་ཆེན་པོ་བཅུ་གཉིས་ངོ་སྤྲོད་ཞུས་ཡོད་ལ།  ཆོས་ལུགས་བཅུ་གཉིས་ལ་གཙོ་ཕལ་གྱི་ཆ་ནས་རྒྱས་འབྲིང་བསྡུས་གསུམ་དུ་དགར་ཡོད། ཡ་ཧུ་དའི་ཆོས་ལུགས་ནི་ལྷ་གཅིག་ཁོ་ནར་སྐྱབས་སུ་འགྲོ་བའི་འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡུམ་ཆེན་ལྟར་ཆགས་ཤིང་། ལྷག་པར་ཡ་ཧུ་དའི་ཆོས་ལུགས་ཀྱི་ལྟ་དགོངས་ནི་ནུབ་ཕྱོགས་པའི་ལྷ་རིག་པ་དང་གཏན་ཚིག་རིག་པ། གསོ་བ་རིག་པ། རྩོམ་རིག་སོགས་ཤེས་རིག་ཀུན་གྱི་རུས་པའི་རྐང་ལྟར་ཆགས་པས། འདིར་ཡ་ཧུ་དའི་ཆོས་ལུགས་ཀྱི་རྩ་བའི་གཞུང་དོན་དང་ཆོ་ག་ཕྱག་ལེན། རྟགས་དང་མཚན་མ། གྲུབ་མཐའ་སོགས་ཀྱི་རྣམ་གཞག་ཅུང་རྒྱས་པར་བྲིས་ཤིང་།  གནའ་རབས་ཨེ་ཇིབ་ཆོས་ལུགས་དང་གནའ་རབས་བྷ་པུ་ལེང་ཆོས་ལུགས། གནའ་རབས་སྟག་གཟིག་ཆོས་ལུགས། གནའ་རབས་གྷི་རིག་ཆོས་ལུགས། གནའ་རབས་རོམ་གྱི་ཆོས་ལུགས་བཅས་པའི་ཆོས་ལུགས་རྙིང་གྲས་ཀྱི་རིགས་ནི། ཕྱིས་འབྱུང་གི་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀྱི་དབང་དུ་གྱུར་ཏེ། དེ་གའི་ཡུལ་སྡེ་ཐམས་ཅད་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀྱི་རྗེས་རབས་པ་ཤ་སྟག་ཏུ་གྱུར་ཡོད་ན་ཡང་། ཆོས་ལུགས་རྙིང་གྲས་དེ་དག་གིས་མིའི་རིགས་ཀྱི་ཤེས་རིག་ལ་བསྐྲུན་པའི་བག་ཆགས་ནི་སྟོབས་ཆེ་ཞིང་། ཆོས་ལུགས་ལོ་རྒྱུས་ལས་ཅིས་ཀྱང་གླེང་དགོས་པའི་མི་རིགས་ཆོས་ལུགས་ཤིག་ཏུ་ཆགས་འདུག་པར་མཐོང་ནས། ཆོས་ལུགས་ཀྱི་རྩ་བའི་གཞུང་དོན་དང་བསྟན་པ་སྤྱིའི་འཕེལ་རིམ་སོགས་ལུག་ཁྱུ་ལྷས་ལ་དྲིལ་བ་བཞིན་གཙོ་ཕལ་གནད་དུ་བཟུང་ནས་འབྲི་ཇི་ཐུབ་བྱས་ཡོད། བོད་གངས་ཅན་དུ་ཐོག་མར་བོད་རང་སའི་རི་ཆུ་ནགས་གསུམ་དང་ཉི་ཟླ་སྐར་གསུམ་སོགས་སྐྱབས་སུ་འཛིན་པའི་བོད་ཀྱི་གདོད་མའི་ཆོས་ལུགས། བར་དུ་ཞང་ཞུང་དང་སྟག་གཟིག་ནས་དར་བའི་གཤེན་རབས་བོན་གྱི་ཆོས་ལུགས། མཐའ་མར་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་སངས་རྒྱས་ཆོས་ལུགས་བཅས་བྱུང་བའི་ལོ་རྒྱུས་ནི་རང་རེའི་བློ་ལྡན་ཕལ་ཆེ་བར་རྒྱུས་མངའ་ཆེ་བས་རྒྱས་པར་སྤྲོས་མི་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།