ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།2020ལོའི་ཟླ་དང་པོར། མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་རྩོམ་སྒྲིག་གནང་བའི་སྙན་དེབ《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》དངོས་སུ་འགྲེམས་སྤེལ་བྱས།
༄༅།།2020ལོའི་ཟླ་དང་པོར། མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་རྩོམ་སྒྲིག་གནང་བའི་སྙན་དེབ《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》དངོས་སུ་འགྲེམས་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་གསར།
དུས་ཚོད།:2020-01-13 17:11:50
ཀློག་གྲངས།:

སྙན་དེབ་འདི་ཁྱོན་བསྡོམས་སྙན་ངག་བརྩམས་ཆོས་ལེགས་གྲས70ཡིས་གྲུབ་ཅིང་། ཤོག་ངོས300དང་ཡིག་གྲངས་ཁྲི20ལྷག་ཡོད་ལ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་ཕུལ་བའི་ལེགས་སྐྱེས་དང་རང་ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ལ་དགེ་མཚན་མི་དམན་པ་བསྐྲུན།
ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་ནི་མཐོ་སྒང་དང་རྩྭ་ཐང་ལས་འཕྱུར་བའི་རླབས་ཕྲེང་སྔོན་མོ་དེ་ཡིན་ལ། སྙན་ངག་པ་དག་གི་ནང་སེམས་ནས་བརྡོལ་བའི་རླབས་ཀྱི་ཟེགས་མ་དེའང་ཡིན། ལྷག་པར་དུ་རླབས་ཆེ་བའི་དུས་རབས་ཤིག་གིས་མཐོ་སྒང་གི་མི་དམངས་ལ་བསྩལ་བའི་བདེ་སྐྱིད་ཀྱི་རླབས་ཕྲེང་དཀར་པོ་དེའོ།།
མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཀྲན་ཝེ་ནས།
མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་རྩོམ་སྒྲིག་གནང་བའི་ལེགས་རྩོམ་གཅེས་བཏུས་ཏེ《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》བདེ་བླག་ངང་པར་སྐྲུན་འགྲེམས་སྤེལ་བྱས་པ་ལ་སྙིང་ནས་རྟེན་འབྲེལ་ཞུའོ།།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས《ཁྲི་ཤོར་རྒྱལ་མོ》རྩོམ་སྒྲིག་ཁང་ནས་ཟླ༡པོའི་ཚེས༡༣ཉིན།
《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》ལ་ཕུལ་བའི་ཤིས་ཚིག
མཚོ་ལྷོ་བོད་ཡིག་ཚགས་པར་གྱི་ལེགས་རྩོམ་བདམས་བཀོད་དེ། 《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》ཞེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པར་སེམས་ཁོང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ཁྲི་ཤོར་རྒྱལ་མོའི་འཇགས་མེད་ཀྱི་རླབས་སྒྲ་སྙན་མོར་འགྲོགས་ནས་ཡུལ་མཚོ་ལྷོའི་རྩོམ་རིག་སྒྱུ་རྩལ་གྱི་སྤང་ཐང་ཡངས་པོར་གསར་རྩོམ་གྱི་རྟ་ཕོའི་གོམ་ཁ་ནམ་ཡང་མི་ལྷོད་པའི་སྨོན་འདུན་ཞུས་པ་ཡིན།
ཞེས་འབྲོང་གིས་གནའ་མཁར་ཟི་ལིང་ནས།
མཚོ་ལྷོ་བོད་ཡིག་ཚགས་པར་གྱི་ལེགས་རྩོམ་བསྡུས་དེབ《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》དངོས་སུ་འགྲེམས་སྤེལ་མཛད་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། འདིས་ཀྱང་མཚོ་ལྷོའི་རྩོམ་རིག་ནས་འཕྲོས་ཏེ་གངས་ཅན་རྩོམ་རིག་འཕེལ་བའི་རྒྱུ་རུ་འགྱུར་བར་སྨོན་འདུན་ཞུའོ།།
ཞེས2020ལོའི་ཟླ1པོའི་ཚེས13ཉིན་རང་སྒྲས་ཕུལ།
ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་དེ།།དེ་ཀུན་དཀྲོགས་པའི་ང་རོ་བཞིན།།
བཞིན་བཟང་ཁ་བའི་གཅེས་ཕྲུག་ལྟར།།
ལྟར་སྣང་ཙམ་ལ་འདྲ་མིན་པར།།
པར་རིས་དེབ་ཀྱི་གཟུགས་ཀྱིས་པ།།
པ་སྒྲ་ཅན་གྱི་བིས་ཆོས་ངས།།
ངས་ནི་རྟེན་འབྲེལ་ཡང་ཡང་ཞུ།།
ཞེས་མཚོ་ལྷོ་བོད་ཡིག་ཚགས་པར་གྱི་ལེགས་རྩོམ་བདམས་བཀོད་དེབ《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》མིག་གི་དགའ་སྟོན་དང་སེམས་ཀྱི་ལོངས་སྤྱོད་དུ་བསྩལ་བར་བིས་མདོ་བ་ཆོས་སྐྱོང་གིས་རྟེན་འབྲེལ་གྱི་མེ་ཏོག་གཏོར་བ་དགེའོ།།
《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》ནི་ཁ་བ་ལེབ་མོ་ཞིག་དང་འདྲ་བར། དགུན་གཞུང་འདིའི་ཨ་སྔོན་ནས་ཟམ་ཟིམ་ངང་བབས་ཏེ་ངའི་འཇིག་རྟེན་ཕྱི་གསལ་ནང་གསལ་དུ་བཏང་སོང་།《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》ནི་རྩོམ་རིག་གི་འབྲས་བུ་རྡོག་པོ་ཞིག་སྟེ། ངའི་མི་ཚེ་རིང་མོའི་འགྲུལ་བཞུད་ཀྱི་ལམ་དུ་བསམ་པའི་རྒྱགས་ཕྱེ་སྣུམ་པོ་ཞིག་ཏུ་འགྱུར་སྲིད། མདོར་ན། མཚོ་ལྷོ་བོད་ཡིག་ཚགས་པར་གྱི་ལེགས་རྩོམ་བདམས་བཀོད་དེབ《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》ཞེས་པ་དུས་ཚིགས་འདིའི་གྲང་འཁྱག་གི་གསེང་ནས་མི་སེམས་གསོ་བའི་དྲོད་ཁོལ་དུ་བབས་པར་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ།
ཁྲི་སེམས་དཔའ་རུ་འབོད་པས་ཟླ1པོའི་ཚེས13ཉིན་ཟི་ལིང་དུ་གུས་ཕུལ།
དགུན་འཁྱག་གི་ནམ་ཟླ་གྲང་ངར་ཧ་ཅང་ཆེ་ཡང་། ང་ཚོ་ལ་སྙན་ངག་གི་དྲོད་འཁོལ་ཡོད་པའི་རྐྱེན་གྱིས་སེམས་པ་ཧ་ཅང་དྲོ་ལ། དེ་བས་ཀྱང་ཞོགས་གསར་གྱི་ཁ་བ་དཀར་པོ་དང་འགྲོགས་ནས་ཆས་འོང་བའི《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》འདིས་ཀྱང་ང་ཚོ་ལ་དགུན་ཟླ་རིང་མོའི་གཏམ་རྒྱུད་གསར་བ་ཞིག་དང་། དཔྱིད་ཟླ་མགོ་མའི་སྨོན་འདུན་ཐོག་མ་དེ་ཁྱེར་ནས་ཐོན་བྱུང་། དགུན་ཟླའི་ཁ་བ་ཡོད་པའི་རྐྱེན་གྱིས། ང་ཚོས་ནམ་ཡང་དཔྱིད་མགོའི་མེ་ཏོག་ལ་རེ་སྒུག་བྱས་ཆོག་ལ། སྙན་ངག་ཡོད་པའི་རྐྱེན་གྱིས། ང་ཚོས་ནམ་ཡང་མི་ཚེའི་གཏམ་རྒྱུད་ལ་རི་མོ་གསར་བ་ཕབ་ཆོག།
རྡོ་གྲགས་ནས།
ཕ་ཡུལ་མཚོ་ལྷོ་ནི་མི་ཚེའི་འཚར་ལོངས་ཁྲོད་ལྷག་ཏུ་བརྗེད་དཀའ་བའི་ཡུལ་གྲུ་ཞིག་སྟེ། རྩོམ་རིག་གསར་རྩོམ་གྱི་ངོས་ནས་ཡུལ་ཁམས་ཤིག་ཏུ་བསྙད་ཀྱང་མི་རུང་བའི་ཆ་ཏོག་ཙམ་ཡང་མེད། དཔལ་དོན་གྲུབ་རྒྱལ་མཆོག་གཙོས་རྩོམ་རིག་གི་དེད་དཔོན་ཇི་སྙེད་ཀྱི་སྐུ་དྲིན་ལ། གནས་དེའི་བཀོད་པ་སྣ་ཚོགས་ལས་ཁྱེད་ཀྱིས་ངང་ངམ་ཤུགས་ཀྱིས་རྩོམ་རིག་གི་སྣང་བའི་ཞིང་ཁམས་སུ་ལྷོད་ཀྱིས་རྒྱུ་བའི་ལྷ་དང་ལྷ་མོའི་སྒྱུ་རྩལ་གྱི་བདེན་དགེ་མཛེས་གསུམ་མྱང་ཐུབ། མཚོ་ལྷོ་བོད་ཡིག་ཚགས་པར་གྱི་ལེགས་རྩོམ་བདམས་བཀོད། 《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》དུས་རབས་གསར་བའི་གླུ་སྐད་དང་ལྷན་དུ་ཆབ་ཆའི་ཡུལ་དུ་སྒེག་ལྡན་གྱིས་བཞད་པར་དགའ་བྲོད་ཀྱིས་རྟེན་འབྲེལ་ཞུ་རྒྱུ་དང་། མ་འོངས་པའི་དུས་སུའང་འདི་དང་འདི་འདྲའི་ཀློག་པོ་ཀུན་གྱི་ལུས་ལ་དྲོད་དང་སེམས་ལ་བདེ་བསྩོལ་ཞིང་། རིག་གནས་རང་རྟོན་གྱི་རང་མདངས་མ་ཉམས་པའི་བརྩམས་ཆོས་ལེགས་སྒྲིག་གི་འཕྲིན་ལས་མུ་ནས་རྒྱས་གྱུར་ཅིག།
རུས་པས་གནའ་མཁར་ཟི་ལིང་ནས་ཕུལ།
ཐེངས་འདིར་མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར《ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང》ཞེས་པའི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་བཟོས་པར་ལག་ཟུང་ཐལ་མོ་སྦྱར་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག རྗེས་ཕྱོགས་ཀྱང་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཐད་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་འདོན་རྒྱུར་རེ་བ་ཤིན་ཏུ་ཆེ།
མར་ཁུ་རྒྱལ་མཚན་གྱིས་ཕ་ཡུལ་གཅན་ཚ་ནས་ཕུལ།
ལས་རིགས་གཅིག་པའི་གྲོགས་པོ་བཀྲ་ཤིས་དོན་གྲུབ་གཙོ་བྱས་མཚོ་ལྷོ་ཚགས་པར་ཁང་གི་ལས་གྲོགས་རྣམ་པས《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》ཞེས་པ་སྤྱི་ལོ༢༠༢༠ལོའི་ཟླ༡པོའི་ཚེས༡༣ཉིན་ཀློག་པ་པོའི་སྤྱན་སྔར་བཀྲམས་པར་རྟེན་འབྲེལ་སྙིང་ནས་ཞུའོ།།
གོང་བ་ནོར་བུ་ཡོན་ཏན་ནས།
ཁྲི་ཤོར་རྒྱལ་མོའི་རླབས་སྒྲས་རྩོམ་རིག་གཤིན་ས་སྔོན་མོ་དཀྲོགས་གྱུར་ཅིག
མགར་ཨ་ཁྱུང་ནས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།