《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》པར་དུ་བསྐྲུན་པ།
མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས་པར་དུ་བསྐྲུན་པ།
《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཞེས་པ་འདི་ནི་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་འགན་འོག 《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་གནང་ཞིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཉེ་སྔོན་པར་སྐྲུན་བྱས།
དཔེ་ཚོགས་འདིར་ལྷུག་རྩོམ་དེབ1དང་སྙན་ངག་དེབ5། ཕྱོགས་བསྒྲིགས་དེབ2བཅས་བསྡོམས་པས་དེབ8དེ། 《ཚྭ་འདམ་མཆོད་བསྟོད》(སྟོད་ཆ་དང་སྨད་ཆ)དང《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》། 《རླུང་དང་མེ་ཏོག》། 《རྟོད་ཐག་ཁྲ་ཁྲ》། 《དབྱངས་ཀྱི་ང་རོ》། 《རླུང་དང་འདྲེས་པའི་གཏམ》། 《འབྲོག་མོ》བཅས་ཀྱིས་གྲུབ་ཅིང་། མིག་སྔར་མཚོ་ནུབ་ས་ཁུལ་གྱི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས་ཐོག་མའང་ཡིན།
ཐེངས་འདིའི་རྩོམ་པ་པོའི་ཁྲོད་དུ་བོད་ཀྱི་རྩོམ་པ་པོ་གྲངས་ཅན་ཉྭ་ནག་པ་བ་རེས་དང་གཞོན་སྐྱེས་སྙན་ངག་པ་མོག་བུ་ཡེ་ཤེས་སྐྱབས། སྐྱེས་མའི་སྙན་ངག་པ་མེ་ཏོག་སྐྱིད་སོགས་ཡོད་ཅིང་། དཔེ་ཚོགས་ཁྲོད་ཀྱི་བརྩམས་ཆོས་ཕལ་ཆེ་བ་ཞིག་རྩོམ་པ་པོ་རང་ཉིད་ཀྱིས་ཉེ་དུས་སུ་གསར་རྩོམ་གནང་བའི་བརྩམས་ཆོས་གསར་བ་དག་ཡིན་པས། དཔེ་ཚོགས་ཀྱི་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཁྱད་ཆོས་འབུར་དུ་ཐོན་ཞིང་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་ཡོད།
རྒྱང་ལྟའི་ཁྲོད་ཀྱི་ལྷ་རི།
ཉྭ་ནག་པ་བ་རེས། 1960ལོར་མདོ་སྨད་བོང་སྟག་ཉྭ་ནག་ཚོ་བ་རུ་སྐྱེས། ཆུང་དུས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས། 1979ལོ་ནས་བཟུང་མཚོ་ནུབ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དུ་ལོ་ངོ་སུམ་ཅུ་ལྷག་གི་རིང་སློབ་གསོའི་ལས་ཀ་གཉེར། ཁོས་དུས་ནམ་ཡིན་ཡང་སློབ་གསོའི་བྱ་བ་ནི་ཨང་དང་པོ་དང་རྩོམ་འབྲིའི་ལས་ཀ་ནི་ཨང་གཉིས་པར་བརྩིས་ཡོད། 1986ལོ་ནས་བཟུང་ལས་ཞོར་དུ་རྩོམ་ཡིག་ཐར་ཐོར་བྲིས། སྔ་ཕྱིར“སྦྲང་ཆར་རྩོམ་རིག་བྱ་དགའ”དང“ཚྭ་འདམ་རྩོམ་རིག་བྱ་དགའ”སོགས་ཐོབ་མྱོང་། བརྩམས་ཆོས་དཔེ་དེབ་གཙོ་བོ《མཁའ་ལ་འཕྱོ་བའི་ཡིད་ཀྱི་བརྩེ་རླབས》དང་། 《བརྩེ་མདངས་ལ་འཁྱུད་པའི་སྨོན་འདུན》《བརྩེ་ཞེན་གྱིས་བསླངས་པའི་འགྱུར་ཁུགས》《སྔོན་མོ་སྤང་ལས་འཁྲུངས་པའི་སེམས་ཀྱི་རོལ་མོ》(དཔེ་དེབ་འདི་ཁྲི་ཀའི་འཕྲིན་ཁྱུང་གིས་རྒྱ་ཡིག་ཏུ་བསྒྱུར་ཡོད)《བོང་སྟག་ལོ་རྒྱུས་བློ་ལྡན་འཇུག་ངོགས》《རྩོམ་བསྡུས་བྱུ་རུའི་དོ་ཤལ》《བོང་སྟག་ཉྭ་ནག་གི་ཁྱིམ་རྒྱུད་ལོ་རྒྱུས》《བགྲོ་གླེང་དང་བསམ་གཞིག》སོགས་དང་། བསྒྲིགས་དཔེ་གཙོ་བོ《བོང་སྟག་ཡུལ་སྲོལ་སྤྱི་བཤད》དང་།《 མཚོ་ནུབ་བོད་བརྒྱུད་ནང་བསྟན་དགོན་པ་ཁག་གི་ལོ་རྒྱུས་མདོར་བསྡུས》《བོད་ཀྱི་གནའ་ཡིག་གོ་བདེ་བར་ཕབ་པ》《 མཚོ་སྔོན་ཞིང་ཆེན་འབྲིང་རིམ་དགེ་འོས་སློབ་གྲྭའི་སྐད་ཡིག་སློབ་གཞི》སོགས་མཆིས།
རླུང་དང་འདྲེས་པའི་གཏམ།
ཚེ་རིང་རྣམ་རྒྱལ། པིར་མིང་ལ་ཁ་བ་རི། 1964ལོར་མདོ་སྨད་བོང་སྟག་ནས་སྐྱེས། 1989ལོར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་ཏེ་མཚོ་ནུབ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་རུ་ལོ་ངོ་བཅུ་བདུན་གྱི་རིང་ལ་བོད་སྐད་ཡིག་གི་སློབ་ཁྲིད་དོན་དུ་གཉེར། ཞོར་དུ་རིག་གཞུང་ཞིབ་འཇུག་དང་གསར་རྩོམ་གྱི་ལས་ལ་འབད། སྔ་གཞུག་ཏུ《སྦྲང་ཆར》དང་། 《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སོགས་བོད་ཁུལ་གྱི་དུས་དེབ་སྟེང་སྙན་ངག་དང་དཔྱད་རྩོམ། ལྷུག་རྩོམ་སོགས་བརྩམས་ཆོས་སུམ་ཅུ་ཙམ་སྤེལ། ཉེ་ལམ་དགེ་ཆོས་དྲ་བ་དང་མཚོ་སྔོན་བོད་ཡིག་ཟིན་བྲིས་སོགས་དྲ་ཚིགས་ཁག་ཏུ་སྙན་རྩོམ་གཙོས་པའི་འབོལ་རྩོམ་དང་དཔྱད་རྩོམ་སོགས་རྩོམ་ལུས་ཅི་རིགས་སྤེལ་བཞིན་མཆིས།
རྟོད་ཐག་ཁྲ་ཁྲ།
མོག་བུ་ཡེ་ཤེས་སྐྱབས། མདོ་སྨད་བོང་སྟག་ཏུ་སྐྱེས། ད་ལྟ《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་གཉེར་བཞིན་ཡོད། སྔ་ཕྱིར《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《ཁྲིམས་ལུགས་ཚགས་པར》སོགས་སུ་དཔྱད་རྩོམ་དང་སྙན་ངག གླུ་ཚིག ལྷུག་རྩོམ་སོགས་བརྒྱ་ཕྲག་ལྷག་སྤེལ། བརྩམས་ཆོས་ལ《སྲོག་གི་སྐྱ་ཡ》དང《ལབ་རྩིད་ཞགས་ནག་པོ》《འདང་བལ་དཀར་ཁ་ཆུ》སོགས་ཡོད།
མེ་ཏོག་སྐྱིད། པིར་མིང་ལ་ཁ་བ་ལྷ་མོ། མཚོ་སྔོན་པོ་བོང་སྟག་ཏུ་སྐྱེས། སློབ་ཆེན་གྱི་སྐབས་ནས་རྩོམ་ཐན་ཐུན་རེ་བྲིས་པ་ཡིན་ཞིང《གངས་རྒྱན་མེ་ཏོག 》དང《སྦྲང་ཆར 》གཙོར་བཟུང་བའི་སྒེར་གཞུང་གི་དུས་དེབ་གང་རུང་ལ་རྩོམ་རིག་བརྩམས་ཆོས་རེ་འགའ་བཀོད་མྱོང་། ཉིས་སྟོང་བཅོ་ལྔ་ལོར“གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་ཐོབ།ཉིས་སྟོང་བཅུ་གཉིས་ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཞིབ་འཇུག་སློབ་མཐར་ཕྱིན།
པདྨ་རིག་འཛིན། པིར་མིང་ལ་འདམ་འཇིལ་ལི། 1984ལོར་མཚོ་ནུབ་ཁུལ་གཏེར་ལམ་རྫོང་ཤར་རི་ཁ་གྲོང་རྡལ་ཚ་ཚ་ཞིང་ཁ་སྡེ་བ་རུ་སྐྱེས། 2010ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན་རྗེས་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དུ་ལོ་ཙཱ་སོགས་ཀྱི་བྱ་བ་གཉེར། ད་སྔའི་བར་དུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》《མཚོ་སྔོན་བོད་ཡིག་ཚགས་པར》《མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ》བཅས་བོད་ཁུལ་གྱི་གཞུང་སྒེར་དུས་དེབ་ཁ་ཤས་སུ་སྙན་རྩོམ་དང་ལྷུག་རྩོམ་སོགས་བཀོད་མྱོང་། མཚོ་སྔོན་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། གཏེར་ལེན་ཁ་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།
འབྲོག་མོ།
བདེ་སྐྱིད་སྒྲོལ་མ། བོང་སྟག་བྲག་དམར་ཡུལ་ཚོ་ནས་སྐྱེས་ཤིང་། 1998ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་བྱ་བ་བསྒྲུབས་པ་དང་། སྔ་གཞུག་ཏུ་རྒྱང་སྒྲོག་པ་དང་། རྩོམ་སྒྲིག་པ། ལོ་ཙཱ་བའི་འགན་ཁུར། ལས་ཞོར་དུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》《པཱ་ཡུན་ཆུ་བོ》སོགས་དུས་དེབ་སྟེང་སྙན་ངག་དང་ལྷུག་རྩོམ་སྤེལ་མྱོང། ད་ལྟ་མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com