དེང་རབས་དཔལ་འབྱོར་དང་དོ་དམ་ཐད་ཀྱི་བོད་འགྱུར་དཔེ་ཚོགས་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས་པ།
དེང་རབས་དཔལ་འབྱོར་རིག་པ་དང་དོ་དམ་རིག་པའི་བོད་འགྱུར་སློབ་དེབ་དཔེ་ཚོགས་ཀྱི་འགྲེམ་སྤེལ་མཛད་སྒོ་བསྡུས།
སྤྱི་ཟླ12པའི་ཚེས23ཉིན། ཀྲུང་གོའི་མི་དམངས་དངུལ་ཁང་གི་གཙོ་འཛིན་ཡི་གང(易纲)དང་དགེ་རྒན་ཆེན་མོ་ཧེ་ཝུན(海闻)གཉིས་ཀྱིས་གཙོ་སྒྲིག་གནང་པའི་དེང་རབས་དཔལ་འབྱོར་རིག་པ་དང་དོ་དམ་རིག་པའི་བོད་འགྱུར་སློབ་དེབ་དཔེ་ཚོགས་ཀྱི་འགྲེམ་སྤེལ་མཛད་སྒོ་བཀྲ་ཤིས་ཀུན་བརྩེགས་དང་དཔྱད་གླེང་ལོ་པཎ་དགའ་བསྐྱེད་ནུབ་བྱང་མི་རིགས་སློབ་ཆེན་དུ་བསྡུས།
ཐེངས་འདིའི་མཛད་སྒོའི་སྟེང་། དེང་རབས་དཔལ་འབྱོར་རིག་པ་དང་དོ་དམ་རིག་པའི་བོད་འགྱུར་སློབ་དེབ་དཔེ་ཚོགས་དཔར་སྐྲུན་དང་འགྲེམ་སྤེལ་མཛད་སྒོའི་སྦྱིན་བདག་བ་མོང་ཉི་སྡིད་གདན་འདྲེན་ཞུས་བྱས་པ་དང། དཔེ་ཚོགས་ཀྱི་གཙོ་སྒྲིག་པ་དང《དངུལ་ལོར་དང་དངུལ་ཁང་རིག་པ》ཡི་ལོ་ཙཱ་བ་རྭ་ཡུམ་སྐྱབས་ལགས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚོགས་སུམ་རྡོ་རྗེ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་སློབ་གླིང་གི་གླིང་གཙོ་ཚེ་རིང་རྒྱལ་དང་དོ་དམ་སློབ་གླིང་གི་གླིང་གཙོ་ཝང་ཙེ་མེན། བ་མོང་ཉི་སྡིད་ཁྱིམ་ཚང་ཐེབས་རྩ་ཁང་གི་སྐུ་ཚབ་དགུ་རོང་སྤུན་གྲོལ། 《རྒྱལ་སྤྱིའི་དངུལ་རྩ》ཡི་ལོ་ཙཱ་བ་ཆབ་བྲག་མགོན་པོ་སྐྱབས། 《ཁྲོམ་རའི་ཚོང་གཉེར་གྱི་དོ་དམ་གཞུང་ལུགས་དང་ཐབས་ཇུས》ཀྱི་ལོ་ཙཱ་བ་འབའ་སྟོད་པད་མ་དབང་རྒྱལ་བཅས་ཀྱིས་རིམ་བཞིན་གསུང་བཤད་གནང་།
འགྱུར་དེབ་སྐོར་གྱི་གཏམ་བཤད་ཁྲོད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེ་ལགས་ཀྱིས《རིག་གནས་མིའི་རིགས་རིག་པའི་སྤྱི་དོན》ལོ་ཙཱ་དང། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་སྐལ་བཟང་ཚེ་རིང་ལགས་ཀྱིས《དཔལ་འབྱོར་རིག་པའི་ལོ་རྒྱུས》ལོ་ཙཱ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས《ཏུའུ་ཝེས་སློབ་གསོ་གླེང་བ》ལོ་ཙཱ། དེང་རབས་བོད་ཀྱི་སྤྱི་ཚོགས་དཔྱད་བརྗོད་པ་དང་རྩོམ་པ་པོ། ལོ་ཙཱ་བ་དགུ་རོང་སྤུན་གྲོལ་ལགས་ཀྱིས《སྤྱི་ཚོགས་གན་ཆིངས》ལོ་ཙཱ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་རྗེ་དོན་གྲུབ་ལགས་ཀྱིས《སེམས་ཁམས་རིག་པ》ལོ་ཙཱ། སྒྲོལ་དཀར་ཚེ་རིང་གིས《ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་མདོར་བསྡུས》ལོ་ཙཱ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་ཆེ་སྐུ་གཞོན་ཤ་བོ་རབ་བརྟན་ལགས་ཀྱིས《ཀྲུང་གོའི་ལོ་རྒྱུས་རིག་པའི་བྱུང་བ་ངོ་མཚར་ཕྲེང་བ》ལོ་ཙཱ་བཅས་བྱས་པའི་མྱོང་ཚོར་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་འཚོ་ལགས་ཀྱིས《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》བརྩམས་པའི་མྱོང་ཚོར་གླེང་པ་རེད།
ཚོང་ལས་དཔལ་འབྱོར་གྱི་མི་སྣ་གསོ་སྐྱོང་སྐོར་གྱི་གཏམ་བཤད་ཁྲོད། ཀན་ལྷོ་ཁུལ་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་དགེ་རྒན་དང་ལས་རིགས་གསར་གཏོད་པ་དཀོན་ལོ་ལགས་ཀྱིས་ལས་རིགས་གསར་གཏོད་ཀྱི་མྱོང་ཚོར་དང། བོད་རང་སྐྱོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། རྒྱལ་ཁབ་རིམ་པའི་ལས་རིགས་གསར་གཏོད་ཀྱི་དགེ་རྒན་ཆེན་མོ་སོག་རུ་མགོན་པོ་རྡོ་རྗེ་ལགས་ཀྱིས་ལས་རིགས་གསར་གཏོད་ལ་འཇུག་པའི་སློབ་མ་གསོ་སྐྱོང་བྱས་པའི་མྱོང་ཚོར། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་བཟོ་ཚོང་ཆེད་ལས་ཀྱི་དགེ་རྒན་ཚེ་རིང་དགའ་སྐྱིད་ལགས་ཀྱིས་བཟོ་ཚོང་ཆེད་ལས་ཀྱི་མི་སྣ་གསོ་སྐྱོང་སྐོར་གླེང་བ་རེད།
ཚོགས་འདུ་གྲོལ་མཚམས་སུ། བོད་སྐད་བཟོ་ཚོང་ཆེད་ལས་ཀྱི་འཐུས་ཚབ་སློབ་མ་དང་ཞིབ་འཇུག་སློབ་མ་དག་ལ་དཔེ་ཚོགས་རིན་མེད་གཟིགས་འབུལ་གནང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com