《འཕྱོངས་རྒྱས་སུ་ལུས་པའི་སེམས་གཅོང》གི་བགྲོ་གླེང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། གཟི་བཀྲ་ཤིས། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2019-08-19 09:04:00 ཀློག་གྲངས།:


བགྲོ་གླེང་གནང་བཞིན་པ།


བགྲོ་གླེང་གནང་བྱ།


ཚོགས་མི་མཉམ་ཞུགས་ཀྱི་དྲན་རྟེན་པར།

     སྤྱི་ཟླ8པའི་ཚེས17ཉིན། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་གནང་བའི་སྙན་ངག་པ་ལྷོ་སྨྱོན་བློ་བཟང་དོན་གྲུབ་ཀྱི་སྙན་དེབ《འཕྱོངས་རྒྱས་སུ་ལུས་པའི་སེམས་གཅོང》ཞེས་པ་བརྗོད་གཞིར་བྱས་པའི་མི་སྒེར་གྱི་རྩོམ་རིག་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་དེ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐོག་སོ་གཉིས་པའི་ཚོགས་ཁང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་བྱ་མདོ་དོན་གྲུབ་ཚེ་རིང་དང་། ར་ས་བསྟན་འཛིན་ཆོས་གྲགས། ཁང་སྐྱིད་བསོད་བསྟན། བསྟན་པ་ཡར་རྒྱས། ཨོ་རྒྱན་རྡོ་རྗེ། ཚེ་རིང་དབྱངས་སྐྱིད། འབྲོང་རྩེ་བ་ཉི་མ་དོན་གྲུབ། ལྷ་གཡང་ནོར་བུ་སོགས་རྩོམ་རིག་ལ་དགའ་ཞེན་ཡོད་པའི་ལས་རིགས་ཁག་དང་སློབ་ཆེན་ཁག་ནས་ཕེབས་པའི་རྩོམ་པ་པོ་དང་། དཔྱད་བརྗོད་པ། རྩོམ་སྒྲིག་པ། སློབ་ཆེན་སློབ་མ་སོགས་ཁྱོན་མི་གྲངས50ཙམ་ཞུགས་ཡོད་ཅིང་། ཐོག་མར་གཙོ་སྐྱོང་བ་བསྟན་པ་ཡར་རྒྱས་ཀྱི་བགྲོ་གླེང་གི་གྲོས་རིམ་ལྟར་ཕན་ཚུན་ངོ་སྤྲོད་པ་ནས་འགོ་བཙུགས་ཏེ། རིམ་གྱིས་བགྲོ་གླེང་གི་གོ་རིམ་གཞིར་བཟུང་། སྙན་ངག་པ་ལྷོ་སྨྱོན་བློ་བཟང་དོན་གྲུབ་ཀྱིས་རང་ཉིད་ཀྱི་སྙན་ངག་གསར་རྩོམ་གྱི་མྱོང་བ་དང་། སྙན་ངག་ལ་འཛིན་པའི་ལྟ་ཚུལ་ལྷུག་པོར་གླེང་བ་དང་། ཁོང་གིས་ཁེངས་སྐྱུངས་ཆེན་པོས། “མ་གཞི་ངས་བྲིས་པ་དག་མིང་དོན་མཚུངས་པའི་སྙན་ངག་ཞིག་ཏུ་འཁྱོངས་ཡོད་མེད་མི་ཤེས་ཀྱང་། འདི་འབྲི་དགོས་པའི་དམིགས་ཡུལ་ནི་འཕྱོངས་རྒྱས་ནི་ངའི་ཕ་ཡུལ་རེད། ཕ་ཡུལ་དང་བྲལ་ཏེ་གཞན་ཡུལ་འགྲིམ་མཁན་ཞིག་ལ་མཚོན་ན། ནམ་རྒྱུན་ཕ་ཡུལ་ཡིད་ལ་ཡང་ཡང་དྲན་ཞིང་། ལྷག་པར་དུ་ཕ་ཡུལ་དུ་ལོག་ཐེངས་རེར་ཕ་ཡུལ་གྱི་འགྱུར་ལྡོག་རེ་རེས་ང་ལ་ཚོར་བ་མི་འདྲ་བ་རེ་སྦྱིན་གྱིན་འདུག་པས། ངས་ཕ་ཡུལ་ལ་བཅངས་པའི་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་ཚོར་འདུ་དག་ཡི་གེར་ཕབ་པ་ཡིན”ཞེས་བརྗོད།

     སྙན་ངག་ཁག63གྱི་བདག་ཉིད་ཅན་གྱི《འཕྱོངས་རྒྱས་སུ་ལུས་པའི་སེམས་གཅོང》ཞེས་པའི་སྙན་དེབ་དེ་ནི་ལྷོ་སྨྱོན་བློ་བཟང་དོན་གྲུབ་ཀྱིས་ཉེ་བའི་ལོ་ཤས་རིང་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དང་གསར་སྒྱུར་ཡིག་སྒྱུར་སོགས་ཀྱི་བྲེལ་བ་ཆེ་བའི་ལས་ཀའི་བར་གསེང་དུ་བྲིས་པ་ཤ་སྟག་ཡིན་ཞིང་། “མི་དུངས་སེམས་ཅན་གྱི་ཁ་ན་སྙན་ངག་ཡོད”ཅེས་པའི་ཁོང་གི་སྐད་ཆ་ལྟར། སྙན་ངག་ཕལ་ཆེ་བར་དུངས་སེམས་ཀྱིས་ཕྱུག་ཅིང་། ལྷག་པར་དུ་དེ་གར་ཕེབས་པའི་རྩོམ་རིག་དཔྱད་བརྗོད་པ་དང་སྙན་ངག་པ་མང་པོས་ཁོང་གི་སྙན་ངག་གི་སྐད་ཆར་ཕལ་སྐད་རང་བཞིན་མངའ་བས་ཚིག་སྦྱོར་ཁ་གསལ་ལ་གོ་བདེ་བ་དང་། ཚིག་དོན་ཙམ་མིན་པར་ཤུགས་དོན་ཕུན་སུམ་ཚོགས་པོ་ཡོད་པ། རྡོ་བཅག་བཙན་སྒྲིག་གི་ཆ་མེད་པར་ནང་སེམས་ཀྱི་ཀློང་ནས་བརྡོལ་བ་ལྟ་བུའི་ཁྱད་ཆོས་ཡོད་པ། ཕ་ཡུལ་དྲན་པའི་ཡུལ་གདུང་དང་བརྩེ་དུང་གི་འབོད་པ་ཁོ་ན་བྲིས་པ་མིན་པར་དེའི་ཕར་རྒྱབ་ཀྱི་དྲན་པའི་ན་ཟུག་གམ་སེམས་གཅོང་གི་ཆ་དེ་སྙན་ངག་པའི་ཚོར་བར་བརྟེན་ནས་ཡག་པོ་མཚོན་ཡོད་ལུགས་སོགས་ཀྱི་དགེ་མཚན་བརྗོད་པ་དང་སྦྲགས། འཆར་ཡན་ཅུང་ཉུང་དྲགས་པ་དང་། སྙན་ངག་གི་དབྱངས་འགྲོས་དང་སྐད་ཆའི་ཆེས་མཐོའི་གཅིག་སྡུད་ཐོག་ད་དུང་སྦྱངས་པ་བྱེད་དགོས་ཚུལ་བརྗོད།

     ད་ཐེངས་ཀྱི་བགྲོ་གླེང་ཐོག དཔྱད་བརྗོད་པ་དང་རྩོམ་པ་པོ། དེ་མིན་སློབ་ཆེན་སློབ་མ་མང་པོས་རང་ཉིད་ཀྱིས་སྙན་ངག་ལ་འཛིན་པའི་ལྟ་ཚུལ་དང་། ལྷག་པར་དུ་རབ་རིབ་སྙན་ངག་ལ་འཛིན་པའི་ངོས་འཛིན།  སྙན་ངག་གི་འགན་འཁྲི་དང་སྒྱུ་རྩལ་ལམ་མཛེས་རྟོག་གི་ཆ་སོགས་ཀྱི་ཐད་ལ་བགྲོ་གླེང་ཚ་ཚ་འུར་འུར་བྱས་ཤིང་། ཚང་མས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གིས་དེ་ལྟ་བུའི་མ་ཡིག་རྩོམ་པ་པོའི་རྩོམ་རིག་བརྩམས་ཆོས་ཀྱི་དཔྱད་གླེང་ཚོགས་འདུ་འཚོགས་གནང་སྟེ་བོད་ཀྱི་རྩོམ་རིག་ལ་མཁའ་དབུགས་གསར་པ་དང་བཀྲག་མདངས་གསར་པ་ཞིག་བསྣན་པར་བཀའ་དྲིན་ཆེ་ཞུས་པ་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གཙོ་སྒྲིག་པ་བསྟན་པ་ཡར་རྒྱས་ཀྱིས་ཀྱང་ཕྱིས་འབྱུང་མུ་མཐུད་དེ་བརྩམས་སྒྲུང་དང་། སྙན་ངག ལྷུག་རྩོམ་སོགས་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་གང་མང་འཚོག་རྒྱུ་ཡིན་ཅེས་གསུངས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།