མི་ལ་རས་པའི་རྣམ་ཐར་གྱི་རྩོམ་རིག་རིན་ཐང་ཐད་ཀྱི་དགེ་སྐྱོན་རགས་ཙམ་གླེང་བ།

རྩོམ་པ་པོ།:གནམ་ལྷ་ཚེ་རིང་། བཀྲ་ཤིས་ལྷ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-04-28 11:53:36 ཀློག་གྲངས།:
       ཏུན་ཧོང་གཏེར་ཡིག་ཏུ་བྱུང་བའི་བཙན་པོ་རྣམས་ཀྱི་རྣམ་ཐར་བསྡུས་པ་ནས་དེང་གི་བར་རང་རེ་ལ་རྣམ་ཐར་སྙན་ངག་གི་གྲངས་ཀ་དང་མཉམ་པ་ཡོད་ཀྱང་། དེ་དག་ལ་དཔྱད་པ་བཏང་བ་ཅུང་ཟད་འཕྱི་ཞིང་། ལྷག་པར་རྩོམ་རིག་རིན་ཐང་ཐད་ལ་དེ་བས་ཀྱང་དོ་སྣང་ཆེར་མཛད་མེད། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་རྣམ་ཐར་ཞིབ་འཇུག་གི་ལས་ལ་ཞུགས་པ་ཧ་ཅང་སྔ་བར་མ་ཟད། རྩོམ་ལུས་འདིའི་རིགས་དང་རང་བཞིན་སོགས་དུ་མར་དབྱེ་སྟེ་རིག་པའི་གཞུང་ལུགས་ཀྱང་སྔར་ནས་གྲུབ་འདུག མི་ལ་རས་པའི་རྣམ་ཐར་ལ་མཚོན་ན་ཡང་ཐོག་མར་ཨན་དྲོབ་ཁེ་ཐུ་མན(Andrew Quintman)དང་། ཧུ་ཧྥིན། ལེའུ་ཀོང་ཡོ། ཁྲིན་ལི་མེང་སོགས་ཀྱིས་ཞིབ་འཇུག་གནང་མགོ་བརྩམས་ཤིང་། ཀྲིག་ཝེ། རེ་ཆལ(Rachel Barghash)དང་ཁེ་རིན་ཇེལ་སོན(Katherine Jillson)སོགས་ནས་ཞིབ་འཇུག་གི་རྒྱ་བསྐྱེད། ཞིབ་འཇུག་པ་རྣམས་ཀྱི་དཔྱད་འབྲས་ལྟར་ན། བོད་ཀྱི་རྣམ་ཐར་གྱི་ཚད་གཞི་ད་དུང་ལོ་རྒྱུས་ཀྱི་ངོས་སུ་གནས་པ་རེད། འོན་ཀྱང་རྣམ་ཐར་འདིས་ལོ་ངོ་ལྔ་བརྒྱའི་སྔོན་ནས་བོད་ལ་དེང་རབས་ཀྱི་གོ་དོན་སྟེང་གི་རྣམ་ཐར་དངོས་སུ་བྱུང་བ་མཚོན་པར་འདོད་ལ། འདི་རང་བརྩམས་གྲུབ་ཀྱི་དུས་ཀྱང་ནུབ་གླིང་གི་རིག་རྩལ་བསྐྱར་དར་དང་མཉམ། བོད་རྩོམ་འཕེལ་འགྱུར་གྱི་ལོ་རྒྱུས་ལ་ཕྱིར་རྟོག་ཅིག་བྱས་ན་རྣམ་ཐར་འདི་ལ་ཤུགས་རྐྱེན་དང་གོ་གནས་གལ་ཆེན་ལྡན་པས། དཔྱད་ཞིབ་དང་ཉམས་རྒྱུས་ལེན་པའི་རིན་ཐང་ཆེ་བར་མངོན། སྐུ་ཞབས་ཟོན་ཁི་ཅིན་གྱིས་ཀྱང་ཁོང་གི་དཔྱད་རྩོམ«མི་ལ་རས་པའི་རྣམ་ཐར་རྒྱ་འགྱུར་མ་གསུམ་དང་དེའི་ཞིབ་འཇུག་གི་དཔྱད་འཇོག»ཅེས་པར་དེའི་རྩོམ་རིག་རིན་ཐང་གི་ཞིབ་འཇུག་ནི་ཉག་ཕྲ་བའི་གནས་སུ་ཡོད་ཅེས་གསུངས་པ་རེད། དེ་བས་འདིར་འབྲེལ་ཡོད་ཞིབ་འཇུག་གི་དཔྱད་འབྲས་ཁག་ཅིག་གཞིར་བཟུང་ནས་རྣམ་ཐར་འདིའི་རྩོམ་རིག་རིན་ཐང་ཐད་ཀྱི་དགེ་སྐྱོན་ལ་འཁྱུག་ཙམ་བལྟ་བར་བྱ།
དང་པོ། མི་ལ་རས་པའི་རྣམ་ཐར་གྱི་རྩོམ་རིག་རིན་ཐང་།
       གཅིག མི་སྣ་གཙོ་བོ་སྣང་བརྙན་ཅན་དང་དཔེ་མཚོན་ཅན་དུ་བཞེངས་པ།
       རྩོམ་པ་པོས་མི་ལ་རས་པ་འབྲི་བཞེངས་སྐབས་དེའི་གཏམ་རྒྱུད་ཀྱི་རྒྱུ་ཆའི་ཐད་དོན་བརྗོད་ཀྱི་གཏན་ཚིགས་དང་མཐུན་པའི་གདམ་ག་བྱས་ཡོད་ལ། དོན་བརྗོད་ཀྱི་གཏན་ཚིགས་དེ་ནི་མི་ལ་རས་པའི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ནང་བསྟན་གྱི་འདུ་ཤེས་དང་བཀའ་བརྒྱུད་པའི་ལུགས་ཀྱི་ཁྱད་ཆོས་དང་གཞི་མཐུན་པར་གྱུར་ཡོད། དོན་བརྗོད་ཀྱི་བརྒྱུད་རིམ་ནང་མི་ལ་རས་པའི་ཕ་འདས་རྗེས་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་ཁོང་ཚང་གི་རྒྱུ་ནོར་འཕྲོགས་ཏེ་མ་སྨད་གཉིས་གཡོག་ལ་བཀོལ་བ་དང་། མྱང་ཚ་དཀར་རྒྱན་གྱིས་མི་ལ་རས་པར་མཐུ་བསླབས་ཏེ་འཁོན་ལན་གླན་པར་བསྐུལ་བ། མི་ལ་རས་པས་མཐུ་བཏང་སྟེ་ཨ་ཁུ་ཚང་གི་མི་རྟ་སོ་ལྔ་བསད་པས་མ་ཡུམ་དགའ་སྟེ་གོས་ཧྲུལ་དབྱུག་རྩེར་བསྐྱོན་ནས་སྨྱོས་པ་ལྟར་བརྒྱུགས་ཤིང་། ད་དུང་སེར་བ་གྱང་རིམ་དགུ་ཕོབ་ཅེས་བརྡ་བཏང་བ། མི་ལ་རས་པས་སྡིག་སྤོང་དགེ་སྒྲུབ་དང་ཆོས་ཕྱིར་དཀའ་བ་སྤྱད་དེ་སྲས་མཁར་བརྩིགས་ནས་སྒལ་རྨ་བུད་པ། མཐར་གདམས་པ་ཐོབ་སྟེ་ཉམས་མགུར་སྣ་ཚོགས་བཞེངས་པ་དང་། བསྟན་འགྲོའི་ཕྱིར་དུ་གཟུགས་སྐུ་བསྡུས་པ་སོགས་ཚེ་སྟོད་ལ་དགྲ་བཏུལ་ཞིང་ཚེ་སྨད་ལ་ཆོས་བསྒྲུབས་པའི་ཆོས་འཇིག་རྟེན་གཉིས་ཀ་འཇོན་མཁན་ཞིག་དང་། ལྷག་པར་ཆོས་ཕྱིར་དཀའ་བ་སྤྱོད་པའི་ཉམས་རྟོག་སྣང་བ་གླུ་རུ་ལེན་མཁན་ཞིག་གི་བྱ་སྤྱོད་ཕྲན་ཚེགས་དང་མྱོང་བ་སྣ་ཚོགས་བྲིས་པ་བརྒྱུད་ཁོང་གི་དཀའ་སྤྱད་དང་དཔའ་ངར་ཞུམ་མེད་ཀྱི་གཤིས་ཀ རྣམ་དག་གི་དད་པ། འགྱུར་མེད་ཀྱི་སྙིང་སྟོབས་བཅས་ཀྱིས་ཁོང་གི་མི་ཚེའི་ཐུན་མིན་མྱོང་བརྒྱུད་དཔེ་མཚོན་ཅན་དང་ཁོང་དང་མ་ཡུམ་མྱང་ཚ་དཀར་རྒྱན་དང་བཅས་པ་སྣང་བརྙན་ཅན་དུ་བཞེངས་ཡོད།
       གཉིས། བྱུང་རིམ་གསལ་བ།
       རྣམ་ཐར་གྱི་རྩོམ་རིག་གི་ཁྱད་ཆོས་ཁྲོད་བྱུང་རིམ་གྱི་རང་བཞིན་དེ་ཤིན་ཏུ་གཙོ་ཆེ་སྟེ། ཨ་རིའི་རྩོམ་མཁན་གྲགས་ཅན་མར་ཁུ·ཐུ་ཝིན་ན་རེ“གཏམ་རྒྱུད་ལེགས་པོ་ཞིག་ལ་མཚོན་ན་བྱུང་རིམ་ནི་དེའི་བླ་སྲོག་ཡིན་པ་རེད”ཅེས་དང་། ཧྥ་རན་སིའི་རྩོམ་མཁན་གྲགས་ཅན་ཡུ་གོ་ཡིས“བྱུང་རིམ་ནི་རྩོམ་རིག་གི་རྨང་གཞི་ཡིན།”ཞེས་པ་བཞིན་རྣམ་ཐར་རྩོམ་རིག་གི་ཁྲོད་དུ་བྱུང་རིམ་གྱི་འཕར་འཇགས་དང་དམ་ལྷོད་ཀྱིས་ཀློག་པ་པོའི་ཡིད་སེམས་འགུག་ཅིང་། མི་སྣ་གཙོ་བོའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་དུ་འཇུག་པ་རེད། མི་ལ་རས་པའི་རྣམ་ཐར་འདི་ལ་བྱུང་རིམ་གསལ་པོ་ཞིག་ཡོད་ལ། བྱུང་རིམ་དེས་དོན་རྐྱེན་གྱི་འཕེལ་རྒྱས་དང་འགྱུར་བ་སྣ་ཚོགས་བརྒྱུད་མི་ལ་རས་པ་གང་ཟག་ཕལ་བ་ཞིག་ནས་འཚང་རྒྱ་བའི་བར་གྱི་བརྒྱུད་རིམ་ལུ་གུ་རྒྱུད་དུ་ཀློག་པ་པོའི་སེམས་ངོ་ལ་ཕབ་སྟེ། མི་ལ་རས་པའི་ནང་སེམས་ཀྱི་འཇིག་རྟེན་དང་དམ་ཆོས་ཉམས་ལེན་བྱས་ཚུལ་ངོ་འཕྲོད་པར་བྱས་ཡོད་པས། རྣམ་ཐར་འདིའི་ཁྱད་ཆོས་གཙོ་བོ་ལྷུག་བརྗོད་ཀྱིས་བརྩམས་ཆོས་ཀྱི་ཁྱད་ཆོས་འབུར་དུ་བཏོན་ཏེ་ཕྱོགས་ཡོངས་ནས་འདི་ལ་རྒྱུས་ལོན་དང་རྩོམ་རིག་གི་མཛེས་པ་རབ་ཏུ་མངོན་པར་བྱས་ཡོད། དེ་བས་རྣམ་ཐར་འདི་ཀུན་གྱིས་དགའ་མོས་ཐོབ་པའི་བརྩམས་ཆོས་ཤིག་ཏུ་གྱུར་ཏེ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་བང་མཛོད་ཁྲོད་ཀྱི་གཟི་འོད་འབར་བའི་མུ་ཏིག་རྡོག་པོ་ཞིག་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་འདོད།
གཉིས་པ། མི་ལ་རས་པའི་རྣམ་ཐར་གྱི་རྩོམ་རིག་རིན་ཐང་ཐད་ཀྱི་དགེ་མཚན།
       གཅིག རྩོམ་རིག་དང་ལོ་རྒྱུས་གོ་ཕྱེ་བ།
       སྤྱིར་བཏང་དུ་ང་ཚོའི་སྣང་ངོར་རྣམ་ཐར་ཞེས་པ་ནི་ཆོས་ཕྱོགས་ཀྱི་སྐྱེས་ཆེན་གང་རུང་ཞིག་གི་ལོ་རྒྱུས་དངོས་ཀྱི་མཛད་པ་ཅི་རིགས་གཙོ་ཆེར་བྲི་དགོས་པ་ཞིག་ཏུ་སེམས་ཡོད་ངེས། དེ་ལ་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན་ཏེ། བོད་ཀྱི་རྣམ་ཐར་སྔོན་མ་ཁག་གི་བརྗོད་བྱའི་གཞུང་བསྲིང་ཚུལ་དུ་གྱུར་པའི་སྔ་རབས་ཀྱི«བཀའ་གདམས་ཕ་ཆོས་བུ་ཆོས»ནས་ཕྱིས་ཀྱི«ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར»དང་། རྙིང་མ་པའི«སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ»(རྣམ་ཐར་ཟངས་གླིང་མ)སོགས་བཀའ་མ་དང་གཏེར་མ་སྟོང་གཉིས་ལ་ཉེ་བ་རྣམས་དང་། «བཻ་རོའི་འདྲ་འབག»ནས་དགེ་ལུགས་པའི་སྐྱེས་ཆེན་ཚོའི་རྣམ་ཐར་ལ་ཐུག་གི་བར་གྱི་རྣམ་ཐར་ཡོད་རྒུའི་བརྗོད་གཞི་གྲྭ་བཙུན་འབའ་ཞིག་ཡིན་པས་རེད། ཁོ་ཚོའི་འཚོ་བ་རོལ་སྟངས་ནི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཤ་སྟག་ཡིན་པས་རྣམ་ཐར་སྤྲོ་སྟངས་ཀྱང་གཅིག་ཏུ་སོང་བ་རེད།
       འབྲི་ཐབས་ཀྱི་ཆ་ནས་བཀའ་བརྒྱུད་པའི་རྣམ་ཐར་སྐོར་ཞིག་ནི་ལོ་རྒྱུས་ཁོ་ན་བརྗོད་པའི་ཡུལ་གྱི་རྒྱུ་ཆ་གཙོ་བོར་འཛིན་པ་ཙམ་ཞིག་མིན་པར་ཡུལ་ཅན་གྱི་བློ་གཙོ་བོར་བྱས་པའང་ཡོད་དེ། དཔེར་ན། «མི་ལ་རས་པའི་རྣམ་ཐར»དང«མར་པའི་རྣམ་ཐར» «ཐང་སྟོང་རྒྱལ་པོའི་རྣམ་ཐར» «རས་ཆུང་བའི་རྣམ་ཐར» «རྒོད་ཚང་བའི་རྣམ་ཐར» «སྒམ་པོ་བའི་རྣམ་ཐར»སོགས་རྩོམ་རིག་གི་རང་བཞིན་ཅན་སྐོར་ཞིག་ཡོད་པ་ལྟ་བུ་རེད། ང་ཚོའི་བསམ་པ་རུ་ཐེར་ཟུག་ཏུ་ཡོད་པ་ཞིག་ནི་མགུར་གླུ་བསྲེས་ཡོད་ཚེ་རྩོམ་རིག་གི་རང་བཞིན་ཐོན་ཡོད་སྙམ་མོད། དོན་དངོས་སུ་དེ་རང་ནི་ཚིག་རྒྱན་གྱི་རོལ་རྩེད་ཙམ་དུ་གོ་མི་རུང་བར་དངོས་གཞིའི་སྒྱུ་རྩལ་གྱི་གཤིས་ཀ་སྟེ། མི་སྣའི་སྣང་བརྙན་བཞེངས་སྐྲུན་དང་། བྱུང་རིམ་ཞིབ་ཚགས་ཡིན་མིན། དོན་ཕྲན་ཚེགས་ཅི་རིགས་ཀྱི་སྤེལ་སྟངས་སམ་ཕྲ་རབ་ལ་དང་དོད་མཛད་མིན་སོགས་རྩོམ་རིག་རྐྱང་བའི་ཆ་རྐྱེན་གྱིས་ཁྱོགས་མིན་ལ་ངོས་འཛིན་དགོས་པ་རེད། ཚུལ་འདི་ལ་རྩོམ་མཁན་གྲགས་ཅན་ནེ་དེལ་གྱིས“རྩོམ་འབྲིའི་གོ་རིམ་ཁྲོད་དུ་སྐད་ཆ་དང་དོན་བརྗོད་ཚིག་རྒྱན་སོགས་ཀྱིས་དོན་དངོས་ལ་འཁྱོག་བཟོ་དང་བཅོས་བསྒྱུར་དག་ཐེར་སོགས་གཏོང་།”[1]ཞེས་དང་། “དེའི་ཕྱིར་ཚིག་རྒྱན་དང་དོན་བརྗོད་མཚོན་ཐབས་རྩོམ་གཤིས་སོགས་ཀྱིས་དོན་དངོས་སྒྲིག་ནུས་པར་མ་ཟད། དེ་ཉིད་བསྒྱུར་ཏེ་གླེགས་བམ་ཁྲོད་ཀྱི་འཚོ་བཞུགས་གནས་ཚུལ་ཞིག་རྟོག་བཟོ་བྱེད་པའི་གོ་སྐབས་སྐྲུན་ནུས་པ་དེ་ཀློག་མཁན་དང་རྣམ་ཐར་རྩོམ་མཁན་ཀུན་གྱིས་ངེས་པར་ཤེས་དགོས།”[2]ཞེས་པ་ཤིན་ཏུ་མད།
       བོད་ཀྱི་རྣམ་ཐར་དེ་ལོ་རྒྱུས་རྣམ་ཐར་ལས་ལོགས་སུ་དབྱེ་སྟེ། བོད་ལ་དེང་རབས་ཀྱི་གོ་དོན་སྟེང་གི་རྣམ་ཐར་བྱུང་བ་ཐོག་མ་ནི་གཙང་སྨྱོན་གྱི་མི་ལ་རས་པའི་རྣམ་ཐར་འདི་ཉིད་ཡིན་པར་འདོད་དེ། འདི་སྔ་ཡན་ཆོད་ཀྱི་རྣམ་ཐར་ཁག་ནི་གཙོ་ཆེར་ལོ་རྒྱུས་བརྗོད་པ་ཁོ་ནའི་ངོས་སུ་ཡོད་པར་མ་ཟད། ཐུབ་པའི་སྐྱེས་རབས་ཀྱི་ཤན་གྱིས་སྐུ་ཕྲེང་སྔོན་མ་གང་དུ་སྐྱེས་ཤིང་མཛད་པ་ཅི་བྱུང་བ་རྣམས་ཀྱང་བརྗོད་པ་རེད། དུས་འདི་ནས་བཟུང་ཕྱིས་ཀྱི་རྣམ་ཐར་ཁག་ཏུ་སྐྱེས་རབས་ནི་བརྗོད་ཀྱང་གླེང་ཙམ་ལས་མི་སྤྲོ་བར་འདུག དེ་ལྟ་ན་རྣམ་ཐར་འདི་ཅུང་ཁྱད་པར་བ་ཞིག་ཡིན་དོན་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ཟང་ཟིང་ཉོག་དྲ་ཅན་དུ་གྱུར་ཡོད་པ་དང་། ངལ་རྩོལ་མི་དམངས་ཀྱིས་སྡུག་གི་ཉི་མ་སྐྱེལ་ཐབས་བྱེད་པའི་དུས་སྐབས་ཤིག་ལ་ཁེལ་འདུག་པ་རེད། མི་སྣ་གཙོ་བོ་ཉིད་སྤྱི་ཚོགས་ཁོར་ཡུག་དེ་ལྟ་བུར་གནོད་འཚེ་མྱོང་མཁན་གྱི་མི་ཞིག་ཡིན་པར་མ་ཟད། བཀའ་བརྒྱུད་པ་རྣམས་ནི་རི་ཁྲོད་ངེས་མེད་འགྲིམས་ཏེ་སྒོམ་སྒྲུབ་ལ་བརྩོན་པའི་དཀའ་ཐུབ་པ་ཤ་སྟག་ཡིན་པའི་ཤུགས་རྐྱེན་ཐེབས་པ་ཡིན་ཡང་སྲིད། དེའི་རྟིང་མར་མི་ལོ་བཞི་བརྒྱའི་སྔོན་གྱི་མི་ཞིག་གི་གནས་ཚུལ་འབྲི་བ་ལ་ཅིས་ཀྱང་རྟོག་བཟོ་རེ་གཉིས་མ་བྱས་ཐབས་མེད་ཡིན་ལ། སྒྱུ་རྩལ་གྱི་ཐབས་ལམ་འདི་འདྲ་ཡང་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཞིག་གི་རྟོག་ངོས་སུ་ད་གཟོད་འཁོར་ཐུབ་པར་འདོད། དེ་ལྟ་བུའི་མི་སྣའི་གནས་བབ་ལ་རྩོམ་པ་པོས་བརྩེ་དུང་རྣམ་དག་གིས་གདུང་སེམས་བསྐྱེད་པས། རྩོམ་རིག་གི་གསར་གཏོད་རང་བཞིན་ཞིག་ཤུགས་ཀྱིས་ཐོན་པ་དང་། འབྲི་བརྗོད་ཀྱི་མི་སྣའི་ཆ་ནས་ཀྱང་མི་སེར་དཀྱུས་མའི་གྲལ་རིམ་ལས་བཤུ་གཞོག་དང་བརྙས་བཅོས་བྱ་ཡུལ་བསྟེན་ས་རེ་ཡུལ་མེད་པའི་བུད་མེད་འཁོས་ཞན་ཞིག་དང་དྭ་ཕྲུག་གཞོན་ནུ་ཞིག་གི་སྣང་བརྙན་འབྲི་བཞེངས་བྱས་ཐོག བླ་མ་མར་པ་ཉིད་ཀྱང་བཤུ་གཞོག་པའི་སྣང་བརྙན་དུ་བཀོད་པས། མི་ཇུས་རིང་ལུགས་ཀྱི་ངོས་ནས་ཀྱང་སྐྱེ་བོ་ཀུན་ལ་སྐབས་དེའི་མི་སེར་གྱི་དཀའ་སྡུག་གསོང་བོར་བརྗོད་དེ་སྐྱོ་གར་ཅན་དུ་བྲིས་པ་འབུར་དུ་ཐོན་ཡོད། ཡང་བུད་མེད་ཕྱིར་རྒོལ་པ་ཞིག་གི་གཤིས་ཀའི་འཕེལ་རིམ་བྲིས་པ་དེས་སྐྱེས་བུ་བདག་གི་གོ་རྟོགས་སད་དུ་བཅུག་ཅིང་།
       མི་སྣ་གཙོ་བོའི་ལྷ་གཤིས་འཕྱོར་འབྲི་ནས་མི་གཤིས་འཕྱོར་འབྲི་དང་། མི་སེམས་ལ་རྟོག་འཇུག་བྱས་པ་དེས་རྣམ་ཐར་རང“ཆོས་ལུགས་ཀྱི་གཡོག་པོ་དང་། ལོ་རྒྱུས་ཀྱི་གཡོག་མོ”[3]ལས་གྲོལ་བའི་འདུ་ཤེས་སྦྱིན་པ་ནི་བོད་རྩོམ་གྱི་ལོ་རྒྱུས་སྟེང་གི་གསར་བརྗེ་ཞིག་ཀྱང་ཅི་ལ་མིན།
       གཉིས། རྩོམ་རིག་ལོ་རྒྱུས་སྟེང་གི་གོ་གནས་དང་ཤུགས་རྐྱེན།
       གཙང་སྨྱོན་ཧེ་རུ་ཀ་ནི་བོད་ཀྱི་རྩོམ་པ་པོ་ཕུལ་དུ་བྱུང་བ་ཞིག་ཡིན་ལ། ཁོང་གིས་མཛད་པའི་མི་ལ་རས་པའི་རྣམ་ཐར་ནི་ཏག་ཏག་རིག་རྩལ་བསྐྱར་དར་སྐབས་ཀྱི་ནུབ་གླིང་གི་རྣམ་ཐར་ཁག་དང་འདྲ་བར་དུས་རབས་ཀྱི་དགོངས་པ་དང་ལོ་རྒྱུས་ཀྱི་དགོངས་པས་ཕྱུག་པ་ཞིག་རེད། དཔེར་ན་དབྱིན་ཇི་པའི་རྣམ་ཐར་ལྟ་བུར་མཚོན་ན་བོད་ཀྱི་རྣམ་ཐར་རྩོམ་སྟངས་དང་ཧ་ཅང་འདྲ་བར་སྣང་སྟེ། རིག་རྩལ་བསྐྱར་དར་གྱི་སྔོན་དུ་དེའི་བརྗོད་གཞི་གཙོ་བོ་ལྷ་གཤིས་ཀྱིས་ཀུན་ནས་བསྒྱུར་བའི་འཕགས་པ་ཁོ་ན་ཡིན་ཡང་། རྗེས་སོར“གྷི་རིག་དང་རོ་མའི་གནའ་རབས་རིག་གནས་དང་མི་ཇུས་རིང་ལུགས་ཀྱིས་མི་གཙོ་བོར་འཛིན་ཚུལ་གྱིས་དབྱིན་ཇིའི་རྣམ་ཐར་གྱི་སྒྲིག་གཞི་བསྣོར་བ་ནས་མི་རྣམས་ཆེ་འབྲི་བྱས་པའི་མི་འབྲི་བར་མོས་པ་འཕེལ་བ་དང་། རྣམ་ཐར་ཡང་རིམ་གྱིས་ལོ་རྒྱུས་རིག་ཚན་ལས་རྩོམ་རིག་གི་ཕྱོགས་སུ་གོམ་པ་སྤོས”[4]འདུག་པ་དང་། དེ་དང་དུས་མཉམ་དུ་བོད་དུ་ཡང་མི་གཙོ་བོར་བྱས་པའི་རྣམ་ཐར་ཐོག་མར་བྱུང་ལ། དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་བུད་མེད་དཀྱུས་མ་ཞིག་གི་བདེ་སྡུག་དང་ཆགས་སྡང་ཤ་ཐོན་རུས་ཐོན་དུ་བྲིས་པ་དེ་རེད། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་སྟེང་གང་ཟག་ཕལ་བའི་རྣམ་ཐར་བྲིས་པ་མེད་པ་དང་། དེ་ལས་ཀྱང་ཉོན་མོངས་འཕེལ་བྱེད་ཀྱི་བུད་མེད་ཅིག་དང་དེའི་འཇིག་རྟེན་གྱི་བྱ་བ་རྩག་རྩིག་འབྲི་བ་དེ། བླ་ན་མེད་པ་དང་མངོན་པར་འཕགས་པའི་བླ་སྤྲུལ་དག་གི་ངོ་མཚར་བའི་རྣམ་པར་ཐར་བའི་ཁྲོད་འབྱུང་མི་རུང་བ་དང་མི་སྲིད་པ་དང་གླེང་རིན་མེད་པ་ཞིག་ཡིན། དེ་བས་རྣམ་ཐར་འདིས་སྤྱི་ཚོགས་ཀྱི་དམའ་རིམ་འཚོ་བའི་ངོ་བོ་དངོས་དང་མི་སེར་དཀྱུས་མའི་སྐྱིད་སྡུག་དེ་ལེགས་པར་བསྟན་འདུག འདི་ལྟ་བུའི་དེང་རབས་ཀྱི་སྒྱུ་རྩལ་ཚད་གཞི་ཅན་གྱི་རྣམ་ཐར་བོད་རྩོམ་བྱུང་འཕེལ་སྟེང་སྔོན་ཆད་བྱུང་མ་མྱོང་ལ། འཛམ་གླིང་རྩོམ་རིག་གི་ངོས་ནས་དཔྱད་ཚེ་ཡང་ལྗིད་ཚད་ངེས་ཅན་ཞིག་ཡོད་ཕྱིན། རྒྱ་ཡིག་དང་སོག་ཡིག དབྱིན་ཇི་དང་ཧྥ་རན་སི།ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ནས་རྒྱལ་སྤྱིའམ་འཛམ་གླིང་རང་བཞིན་ཅན་གྱི་བརྩམས་ཆོས་སུ་གྱུར་པས་ན«བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»ལས་ཀྱང་། “བོད་ཀྱི་རྣམ་ཐར་ལས་སྔ་མའི་རྟིང་གནོན་དང་ཕྱི་མའི་མགོ་འདོན་ལྟ་བུ་དང་། ཀུན་ལས་གཟེངས་མཐོ་བས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ཀྱི་གཟི་འོད་འབར་བའི་ནོར་བུ་ཞིག་ཏུ་གྱུར་འདུག”[5]ཅེས་གདེང་འཇོག་མཐོན་པོ་མཛད་པ་རེད།
       འདི་ལྟ་བུའི་ཕུལ་བྱུང་བརྩམས་ཆོས་ནི་ཀུན་གྱིས་དགའ་མོས་དང་ཚད་གཞིར་འཛིན་སར་གྱུར་པས་ན། རྗེ་ཞབས་དཀར་པས་ཀྱང་རྣམ་ཐར་འདི་དཔེ་རུ་བྱས་ཏེ་རང་ཉིད་ཀྱི་རང་རྣམ་མཛད་པ་ཡིན་ལ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་གིས་ཀྱང་རྣམ་ཐར་འདིའི་ཤུགས་རྐྱེན་གྱི་འོག་ཏུ(1930-1931)«རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར»མཛད་པ་སོགས་དུས་ཕྱིས་ཀྱི་རྣམ་ཐར་མང་པོ་ཞིག་ལ་ཡང་འདིའི་ཤན་ཆེ་རུ་ཐེབས་པས། རྣམ་ཐར་དང་མགུར་མ་བསྡེབས་མར་བཞེངས་པ་སོགས་ཀྱང་འདི་ནས་བྱུང་བ་སྟེ། «བོད་ཀྱི་རྩོམ་རིག་ལོ་རྒྱུས»སུ། “དུས་ཕྱིས་ཀྱི་རབ་བྱུང་བཙུན་པ་དང་བླ་མ་རྣལ་འབྱོར་རྣམས་ཀྱིས་ཀྱང་མི་ལའི་མགུར་ལ་དཔེ་བལྟས་ཏེ་རྩོམ་བགྲང་ལས་འདས་པ་ཞིག་བརྩམས་ཡོད།”[6]ཅེས་གསུངས་པ་ལྟར་མགུར་མའི་རྩོམ་སྟངས་ཐད་ནས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་བོད་རྩོམ་གྱི་དབུ་འཕང་མཐོ་རུ་བསྟད་ཡོད་པ་མིག་མཐོང་ལག་ཟིན་དུ་སྣང་ངོ་།  །
གསུམ་པ།  མི་ལ་རས་པའི་རྣམ་ཐར་གྱི་ཞན་ཆ།
       མི་ལ་རས་པའི་རྣམ་ཐར་འདི་ལ་རྩོམ་རིག་གི་རང་བཞིན་གཟེངས་སུ་ཐོན་པ་ཞིག་ལྡན་ན་ཡང་རྣམ་པ་ཀུན་ཏུ་ཞན་ཆ་མེད་པ་ཞིག་ཀྱང་མིན་ཏེ། དཔེར་ན་སྣང་བརྙན་གྱི་སྟེང་ནས་དཔེ་མཚོན་རང་བཞིན་ཅན་གྱི་གཤིས་ཀ་མངོན་པའི་མི་སྣ་དེ་རྣམ་ཐར་གྱི་བརྗོད་བྱའི་མི་སྣ་གཙོ་བོ་ལས་དེའི་མ་ཡུམ་གྱི་སྟེང་ན་མངོན་པ་ཞིག་རེད། དེ་བས་ཤེས་ལྡན་ཀུན་གྱི་ཡིད་ངོར་མ་ཡུམ་མྱང་ཚ་དཀར་རྒྱན་གྱི་སྣང་བརྙན་དེ་རི་མོར་བྲིས་པ་ལྟར་འཆར་ཐུབ་པའི་ནུས་པ་ཞིག་ཐོན་ཡོང་། མ་ཡུམ་གྱི་སྣང་བརྙན་ཡང་མི་ལ་རས་པས་སེར་བ་ཕབ་སྟེ་ཞེ་འཁོན་གླན་པ་ནས་བཟུང་རྩོམ་ནང་དུ་ཐོན་མེད་པ་དང་། མཇུག་མཐར་ཤི་བའི་རུས་པ་ཙམ་ལས་ཇི་ལྟར་སྐྱོ་སྡུག་གིས་འདས་པའི་ཉམས་སོགས་གང་ཡང་མ་རྙེད། རྗེས་སུ་ཐོས་པར་ཡང་ཨ་མ་ནི་ཁྱོད་རང་སྙིང་ལ་འདོད་བཞིན་འདའ་བ་ཙམ་གྱི་གཏམ་རེད། དེ་བས་ན། སྣང་བརྙན་གྱི་ངོས་ནས་བསམ་གཞིག་བཏང་ཚེ་རྩོམ་འདི་ཁག་གཉིས་སུ་བགར་འོས་པར་འདོད་མཁན་ཡང་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པའི་སྡེར་བྱུང་བ་རེད་སྙམ།
       སེམས་ཁམས་ཞིབ་འབྲིའི་ངོས་ནས་ཀྱང་མ་ཡུམ་ཉིད་ཆགས་སྡང་གི་རུས་ཐོན་པར་འབྲི་བཞེངས་བྱས་པ་ལས་མི་སྣ་གཙོ་བོ་བཏང་སྙོམས་སུ་གྱུར་ལ། མི་སྣ་གཙོ་བོའི་སེམས་ཁམས་དེ་ཡང་ཅུང་ཞི་འཇགས་ཅན་དུ་སྤྲོས་པས་མི་གཤིས་ཀྱི་རང་བཞིན་དེ་ལྟར་གསལ་བོར་གྲུབ་མེད་པར་མ་ཟད། རྩོམ་ནང་ངག་སྒོ་བསྡམས་ཤིང་སྨྲ་བ་བཅད་པའི་བུ་མོ་ཞིག་གི་ངོ་གདོང་མངོན་ཙམ་ཡོད་པ་དེ་ཡང་མཐར་གྲགས་འགུལ་མེད་པར་བོར་སོང་བས། ཀློག་པ་པོ་དང་རྩོམ་པ་པོ་དག་གི་སྙིང་ལ་བློ་འགྱོད་དང་འཁྲེང་ཞེན་སྦྱིན་པ་ན། རྩོམ་གྱི་མི་སྣ་གང་དེའི་མིང་དེ་ཉིད་རང་གི་སྨྱུག་མིང་དུ་སྦྱར་ནས་དྲན་གསོ་བར་བྱེད་པ་སོགས་བྱུང་བ་ཡང་རྩོམ་མཁན་གྱི་སྨྱུག་ཁ་འཆོལ་བ་ལས་བྱུང་བའི་འབྲས་བུར་འདོད།
       ལྷུག་བརྗོད་ཀྱི་ཆ་ནས་བྱུང་རིམ་ཅན་དུ་བརྩོན་ཡོད་མོད་དེ་འདྲའི་ཞིབ་ཚགས་ཤིག་མ་ཡིན་པར་གཏམ་རྒྱུད་ཀྱི་ཤུགས་ཆེ་བས།(སྤྱིར་སྐབས་དེའི་རྩོམ་ལ་གཏམ་རྒྱུད་ཀྱི་རང་བཞིན་ཐོན་པ་ནི་ཐོད་བརྒལ་དང་འཕེལ་རྒྱས་ཤིག་རེད།) ཀློག་པ་པོར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རུས་རྐང་ངར་ནུས་པ་ཞིག་སྐྱེད་པར་བར་ཆད་བཟོས་འདུག་པར་མ་ཟད། རྩོམ་མཁན་རང་ཉིད་ཀྱིས་བརྗོད་པར་འདོད་པའི་གཏམ་མང་པོ་ཞིག་ད་དུང་མགྲིན་པར་བསྐྱིལ་ཏེ་ལུས་ཡོད་ངེས། དེ་མ་ཟད་བརྩམས་ཆོས་འདི་ཉིད་ཀྱང་བོད་རྩོམ་སྤྱི་ལ་ཁྱབ་པའི་རང་བཞིན་ཏེ། ཆོས་ལུགས་ཀྱི་ལྟ་བ་ཁྱབ་སྒྲོག་བྱེད་པའི་ལག་ཆའི་རང་བཞིན་ལས་བརྒལ་མ་ཐུབ་པར། མི་སྣ་གཙོ་བོའི་སེམས་ཀྱི་ཆགས་སྡང་མནན་ནས་ནམ་ཡང་ངེས་འབྱུང་གི་ངོས་སུ་སྦྱར་བ་དེ་ནི་མིའི་རང་བྱུང་གི་རང་བཞིན་ལ་རྒྱབ་འགལ་བྱས་པ་ཞིག་ཏུ་འདོད། སྐད་ཆ་འདི་ནི་རྣམ་ཐར་རྩོམ་རིག་གི་རྒྱབ་ལྗོངས་ནས་བཤད་པ་མིན་པར། དེ་ལ་རྩོམ་རིག་བརྩམས་ཆོས་རྐྱང་བ་ཞིག་གི་མཐོང་སྣེ་ནས་བལྟས་ཏེ་བཤད་པ་ཡིན། སྣང་ཚུལ་འདི་ནི་ད་ལྟའི་བར་དུ་གནས་པའི་གནད་དོན་ཞིག་ཡིན་པ་དང་། ནུབ་ཕྱོགས་སུ་ཡང་རིག་རྩལ་བསྐྱར་དར་གྱི་སྔོན་དུ་རྣམ་ཐར་ནི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལག་ཆ་ཁོ་ནར་ངེས་ཏེ། “ཆོས་ལུགས་རྣམ་ཐར་གྱིས་མི་སྣའི་ལྷ་ཡི་ལུང་བསྟན་ཐོབ་ཚུལ་སྒྲོག་པ་ལྷུར་ལེན་གྱིས་རྟག་པར་ཞྭ་དཔེ་ལྷམ་འགེབས་ཀྱི་ལས་སྒྲུབ་ཅིང་། འཇིག་རྟེན་པའི་རྣམ་ཐར་གྱིས་མི་སྣའི་མཛད་རྗེས་འཕྱོར་འབྲིའི་སྒོ་ནས་རྣམ་ཐར་འབྲི་བར་བཤད་ཀྱང་། དོན་དངོས་སུ་ལོ་རྒྱུས་བཞེངས་པར་ཟད།”[7] དེའི་བྱེད་ནུས་རང་བཞིན་གཙོར་འཛིན་པ་ནི་ཐོག་མའི་འབྱུང་རྐྱེན་ལ་རག་ལས་པ་དང་། དེའི་རྒྱ་ལས་འགོངས་མ་ཐུབ་པ་ནི་གཅིག་ཏུ་རྩོམ་རིག་གི་འདུ་ཤེས་ད་དུང་དེ་འདྲ་མ་སད་པ་དང་། གཉིས་སུ་གཞུང་ལུགས་མ་གྲུབ་པའི་གནད་དོན་ཡིན་པར་འདོད།
       དེའི་ཕྱིར་རྣམ་ཐར་འདིའི་དགེ་མཚན་མཐོང་བའི་མོད་ལ་འདིའི་མི་འདང་སའང་བསམ་དགོས། ཡིན་ཡང་ལྟོས་འཇོག་གིས་དེང་རབས་རྩོམ་རིག་གི་ཚད་གཞི་ཁྱེར་ནས་སྲོལ་རྒྱུན་གྱི་རྩོམ་རིག་བརྩམས་ཆོས་རྒྱ་མར་འཇལ་བ་བཞད་གད་ཀྱི་གནས་སུ་མི་ཆེ་བ་མེད་དེ། “ཕུལ་དུ་བྱུང་བའི་གནའ་རབས་རྩོམ་རིག་མཁན་ཀུན་ལ་གཡོལ་བར་དཀའ་བའི་ལོ་རྒྱུས་ཀྱི་ཚད་བཀག་རང་བཞིན་ཡོད་པ་རེད། གལ་ཏེ་རྩོམ་པ་པོའི་རང་རིག་གི་དམིགས་པ་དེ་རྩོམ་གྱི་མི་སྣའི་དཔྱད་འཇོག་གི་གཞིར་བཟུང་ཚེ། ཕུལ་དུ་བྱུང་བའི་གནའ་རབས་ཀྱི་རྩོམ་རིག་བརྩམས་ཆོས་ཡོད་དགུ་ཁྱད་དུ་གསོད་སྲིད།”[8]
       མདོར་ན། བརྩམས་ཆོས་འདིའི་རྩོམ་རིག་གི་རིན་ཐང་དང་ཞན་ཆ་གང་རུང་ལ་གདེང་འཇོག་བྱེད་ཚེ། སྲོལ་རྒྱུན་རྩོམ་རིག་གི་ངོས་ནས་དུས་རབས་ཀྱི་བཀག་རྒྱ་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལ་གཞིགས་པའི་སྒོ་ནས་ཚད་དང་རན་པར་དཔྱད་པ་ནི་རྩོམ་རིག་གི་གཞུང་དང་ཡང་མི་འགལ། འོན་ཀྱང་། དང་ཐོག་རྩོམ་པ་པོས་རྣམ་ཐར་འདིའི་བགྱི་བ་ལྷུར་མཛད་སྐབས་ཀྱི་དམིགས་འདུན་གྱིས་འདི་ལ་འགྲེལ་བཤད་བྱེད་པ་ཤིན་ཏུ་མི་འཐད་དེ། རྩོམ་པ་པོ་ཞིག་གིས་བརྩམས་ཆོས་ཤིག་མཛད་པའི་རྗེས་སུ་རང་ཉིད་གནས་སྐབས་སུ་ཤི་ཚར་བ་ཡིན་ཞེས་པ་ལྟར། དང་ཐོག་རྩོམ་པ་པོས་རྣམ་ཐར་འདི་མཛད་པ་ཡང་སེམས་ཅན་ཡང་དག་པའི་དམ་ཆོས་དོན་གཉེར་ལ་སྐུལ་ཆེད་དང་། ཐར་པའི་ལམ་སྟོན་གྱི་འདུན་པ་བཅངས་པ་ཡིན་མོད། རྩོམ་གྱི་བརྗོད་གཞིའི་ཤུགས་དེ་དེ་ལྟར་ཐོན་པ་ཙམ་ལས་བརྒལ་ཏེ་འཁོར་བའི་སྐྱིད་སྡུག་བརྗོད་པ་ལས་སྐབས་དེའི་སྤྱི་ཚོགས་འཚོ་བའི་མུན་ནག་དང་། ཉམས་ཆུང་འཁོས་ཞན་གྱི་མི་སེར་རྣམས་ཀྱི་སྐྱ་ཟད་སྔོ་སྡུག་གི་འཚོ་བའི་བརྙན་རིས་དེ་ང་ཚོའི་སྤྱན་ལམ་དུ་རི་མོར་བཀྲམས་ཤིང་། ཆགས་སྡང་གི་རུས་ཐོན་པའི་མི་སྣའི་སྣང་བརྙན་བཞེངས་སྐྲུན་སྒོས་དེ་ལ་མི་ཆོས་རིག་པའི་ངོས་ནས་གདུང་སེམས་མཉམ་སྐྱེད་དང་། བཤུ་གཞོག་དང་གཉའ་གནོན་བྱེད་མཁན་སྐྱེ་བོ་ངན་པའི་སྐྱུག་མེར་བའི་བྱ་སྤྱོད་མཚང་འབྱིན་བྱས་ཡོད་པས། རྩོམ་འདིས་བཀའ་བརྒྱུད་པའི་ཡང་དག་ཆོས་ཀྱི་དགོངས་པས་སྐྱེ་བོ་སྡིག་སྒྲིབ་ཅི་འདྲའི་ཆེ་བ་ཅན་ཡིན་ཡང་དེ་ལ་མི་ཕྱེད་པའི་དད་སྒོམ་བསྐྱེད་ན། ཚེ་གཅིག་ལུས་གཅིག་ལ་སྟན་ཐོག་གཅིག་ནས་འཚང་རྒྱ་བར་ནུས་པའི་ཆོས་ཀྱི་ཆེ་བ་རྩལ་གྱིས་ཕྱུང་བའི་ཞར་དུ། ཕུལ་དུ་བྱུང་བའི་རྩོམ་རྩལ་གྱིས་རྩོམ་རིག་གི་མཛེས་པ་དང་མི་ཆོས་རིག་པའི་གནད་ཀྱང་རྩོམ་ནང་འབུར་དུ་བཏོད་འདུག དེས་རྣམ་ཐར་འདིའི་རྩོམ་རིག་གི་རིན་ཐང་གོང་དུ་གཏད་འདུག་པ་འདི་ལ་བོད་རྩོམ་གྱི་ལོ་རྒྱུས་སྟེང་ལྗིད་ཚད་ངེས་ཅན་ཞིག་ཡོད་དོ། །

ལུང་ཁུངས།
[1] 赵白生:《传记文学概论》[M].北京大学出版社。2003.8.1 P43
[2]Lra B.Nadel:《Rejoinder”,BIOgraphy,9》[M].Fall1986  p360
[3] 唐岫敏:《英国传纪发展史》 [M].上海外语出版社 。2012.3.1 p11
[4]唐岫敏:《英国传记发展史》[M].上海外语教育出版社。 2012. .3 .1 p11
[5]
རྒྱ་ཡེ་བཀྲ་བྷོ་སོགས། «བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002.2 p 576
[6] རེབ་གོང་རྡོ་རྗེ་མཁར་སོགས། «བོད་ཀྱི་རྩོམ་རིག་ལོ་རྒྱུས»[M]དེབ་གསུམ་པ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009.11.1 p232
[7] 唐岫敏 :《英国传记发展史》[M].上海外语教育出版社。2012. 3.1 p11
[8]廖光耀 :《西藏民族学院学报》社会科学版, 《一个独具特色的文学形象》 (电子版), 1991.3 p39
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།