མི་ཚུལ་རིག་ཚན་གྱི་གནས་བབ་དང་ཕུགས་སོ།

རྩོམ་པ་པོ།:སྐལ་བཟང་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-07-26 07:20:02 ཀློག་གྲངས།:
དང་པོ། མི་ཚུལ་རིག་ཚན་གྱི་བྱུང་སྐྱེད་དང་རིན་ཐང་།
       མི་ཚུལ་རིག་ཚན་གྱི་གོ་བར་ཡངས་དོག་གཉིས་ཏེ། མིའི་རིགས་དང་དེའི་རིག་གནས་དང་སྤྱི་ཚོགས་ལ་དཔྱད་ཞིབ་ཀྱིས། ལོག་གནས་གོལ་ཡུལ་རིགས་ལ་དགག་གཞག་ཐེར་འདོན་སྤྲོ་བའི་རིག་ཚན་ཞིག་དང་། ཡང་། མི་ཚུལ་རིག་ཚན་གྱི་ཤེས་བྱ་རིག་པའི་གནས་ལ་སློབ་སྦྱོང་ཞིབ་འཇུག་གིས་མིའི་ཀུན་སྤྱོད་དང་བློ་རྟོག་ཇེ་མཐོར་གཏོང་བའི་རིག་ཚན་ཞིག་སྟེ། དེར་གཙོ་བོར་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ། ཆོས་ལུགས་སོགས་འདུ་ལ། འགར་ཁྲིམས་ལུགས་དང་སྲིད་རིག་སོགས་ཀྱང་འདུ་བར་འདོད་པས་ཕྱེད་མཚམས་གསལ་བར་མ་ངེས་པའོ། །མི་ཚུལ་རིག་ཚན་གྱི་བྱུང་སྐྱེད་ནི་མི་ཚུལ་རིག་ཚན་གྱི་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་བྱས་པ་ནས་མགོ་ཚུགས་ཤིང་། སློབ་ཆེན་བྱུང་བ་ནས་འཕེལ་རྒྱས་ཀྱི་རྩེར་སོན་པར་འདོད། ཡིན་ཏེ། སློབ་ཆེན་གྱི་བྱུང་སྐྱེད་ཀྱིས་མི་ཚུལ་རིག་ཚན་ལ་ཆེད་གཏད་ཀྱི་སློབ་སྦྱོང་གནས་མལ་བསྐྲུན་པ་དང་། མི་ཚུལ་རིག་ཚན་གྱིས་དེར་ཤེས་བྱ་དང་རྨང་གཞིའི་སློབ་ཁྲིད་མཁོ་འདོན་བྱས་པས། དེ་གཉིས་ལ་རྟེན་འབྱུང་གི་འབྲེལ་བ་ཟབ་མོ་ཡོད།
       མི་ཚུལ་རིག་ཚན་གྱི་རིན་ཐང་གི་ཕྱོགས་ནས། བཟོ་ལས་དཔལ་འབྱོར་སྤྱི་ཚོགས་དང་དེའི་རིན་ཐང་ལྟ་གྲུབ་ཀྱི་རྐྱེན་པས་མི་ཚུལ་རིག་ཚན་གྱི་དཔལ་འབྱོར་རིན་ཐང་དང་དངོས་སྤྱད་རིན་ཐང་ལ་འདྲ་མིན་གྱི་དགག་གཏམ་མང་བ་ལས། དེས་མིའི་རིགས་སྤྱི་ཚོགས་ཡོངས་ཀྱི་ཡར་སྐྱེད་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་པ་ནི་སྨྲས་མེད་ཡིན་ཏེ། “འདྲ་མཉམ་དམངས་གཙོའི་སྤྱི་ཚོགས་ཀྱི་རྨང་རྡོར་གྱུར་པའི་དགག་གཞག་སྙིང་སྟོབས་ཀྱི་ཁུངས་ནི་མི་ཚུལ་རིག་པའི་གནས་འདི་ཡིན་ལ།” མིའི་རིགས་ཀྱི་ལེགས་ལམ་དུ་བཀྲི་བའི་ལྟ་སྤྱོད་ཀྱང་འདི་ལས་བྱུང་བ་སོགས་བསམ་བློའི་རིན་ཐང་དང་རིག་གནས་རིན་ཐང་གཞལ་དུ་མེད་པས། མི་དང་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟག་ཆུ་ལྟ་བུར་གྱུར་ཡོད། འོན་ཏེ། མི་ཚུལ་རིག་ཚན་གྱི་འགལ་རྐྱེན་ནི་དུས་མཚམས་རང་བཞིན་ཅན་ཡིན་ཁར་སྐབས་ཀྱི་འཛམ་གླིང་སྤྱི་ཚོགས་ནི་ཚན་རྩལ་འཕེལ་འགྱུར་དང་སྤྱི་ཚོགས་འགལ་རྩོད་རྒོད་པའི་དུས་དང་ཁེལ་བས། མི་ཚུལ་རིག་ཚན་དང་དེར་སློབ་སྦྱོང་གི་དགོས་སྙིང་ལ་ཕྱོགས་གང་སར་སྔོན་མེད་ཀྱི་རྩོད་ཟློག་མང་དུ་ལངས་བཞིན་པའོ། །
གཉིས་པ། མི་ཚུལ་རིག་ཚན་གྱི་འགལ་རྐྱེན་དང་འགྲིབ་ཆག
       བཟོ་ལས་གསར་བརྗེ་བྱུང་ཚུན་དང་ཚན་རྩལ་སྔར་ལས་འཕེལ་རྒྱས་སོང་བར་བསྟུན་ནས་བཟོ་ལས་དཔལ་འབྱོར་གྱི་སྤྱི་ཚོགས་དེ་མིའི་རིགས་སྤྱི་ཚོགས་ལོ་རྒྱུས་ཀྱི་གར་སྟེགས་སུ་བུད་ཚུན་དུ། དཔལ་འབྱོར་ལ་རྩིས་ཆེན་བྱེད་པ་དེ་མི་རྣམས་ཀྱི་རིན་ཐང་ལྟ་བའི་སྙིང་པོར་གྲུབ་པས། དེ་དང་ལྡོག་ཏུ་གྱུར་པའི་དངོས་སྤྱད་དང་དཔལ་འབྱོར་རིན་ཐང་ཆུང་བའི་ལས་རིགས་དང་རིག་ཚན་དག་ལ་ཞེ་རྩིས་ཆུང་བར་གྱུར་ཏེ། མི་ཚུལ་རིག་ཚན་དགོས་མེད་དང་རིན་ཆུང་གི་རྩོད་གཏམ་མང་དུ་ལངས་བཞིན་པ་ནི། གཙོ་བོར། མི་ཚུལ་རིག་ཚན་གྱི་སློབ་གསོའི་གནས་སྟངས་དང་ཤེས་བྱའི་སྒྲིག་གཞི། ནུས་རྩལ་སོགས་སྐབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་སྒྲིག་གཞིར་འཕྲོད་འཚམ་གྱི་ཚད་དམའ་བས། སྤྱི་ཚོགས་ཀྱི་སྐབས་འཕྲད་དགོས་ངེས་དང་ལས་ཞུགས་ཁྲོམ་ར་དང་ཁ་བྲལ་དུ་སོང་བ་དང་། མི་ཚུལ་རིག་ཚན་གྱི་རིན་ཐང་མངོན་ཡུན་རིང་བས་དུས་ཐོག་ཐོན་དངོས་དང་དཔལ་འབྱོར་བརྗེ་འགྱུར་ཐུབ་ཚད་དམའ་བ། རིག་གཞུང་མ་རྩ་རིང་ལུགས་ཅན་གྱི་བྱུང་སྐྱེད་ཀྱིས་མི་ཚུལ་མཚན་ཉིད་པ་མཐའ་བཀྱེད་སོང་ཙང་མི་ཚུལ་རིག་ཚན་གྱི་རིན་ཐང་དངོས་ལྐོག་ཞན་དུ་གྱུར་པ། མི་ཚུལ་རིག་ཚན་ཕྱོགས་ཀྱི་ལས་ལ་འཇུག་མཁན་མང་བས་མི་ཚུལ་ཤེས་བྱའི་ཁྲོམ་རའི་འགྲན་རྩོད་དར་བ་སོགས་ལས་ཞུགས་དང་དཔལ་འབྱོར་ཕྱོགས་ཀྱི་ཁ་སྟབས་རིག་ཚན་གཞན་དང་ལྟོས་བཅས་ཀྱིས་ཞན་པ་དང་། ཡང་། ཚན་རྩལ་གསར་པའི་གསར་བརྗེ་དང་སྔོན་མེད་མིས་བཟོས་རིག་སྟོབསAIབྱུང་བ་དང་ཁྱབ་སྤྱོད་ཀྱིས་མི་ཚུལ་རིག་ཚན་ལ་འགྲན་རྩོད་ཆེན་པོ་བསླངས་པ་སོགས། རྐྱེན་དེ་དག་གིས་སློབ་གྲྭས་མི་ཚུལ་རིག་ཚན་གྱི་སློབ་མ་བསྡུ་ཚད་ཉུང་དུ་གཏོང་བ་དང་ཆེད་ལས་ཁ་ཕྱོགས་བསྒྱུར་བ། མེད་པར་བཟོ་བ(2015ལོར་ཉི་ཧོང་གཞུང་གིས་རྒྱལ་བཙུགས་སློབ་ཆེན་ཁག་ལ་བཏོན་པའི་རེ་འཆར།)སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད་པས་མི་ཚུལ་རིག་ཚན་ལ་འགྲིབ་ཆག་ཆེན་པོ་འབྱུང་གིན་ཡོད་པ་རེད། འགལ་རྐྱེན་དེ་དག་ཟློག་ཐབས་སུ་རྒྱལ་ཁབ་ཕྱི་ནང་གི་མི་ཚུལ་རིག་ཚན་གྱི་འདུན་མར་ཐུགས་ཁུར་ཆེ་མཁན་དག་གིས་རིག་པས་དཔྱད་ཞིབ་ཀྱིས་ཐབས་བྱུས་མང་དུ་འདོན་བཞིན་ཡོད་དོ། །
གསུམ་པ། མི་ཚུལ་རིག་ཚན་གྱི་ཕུགས་སོ།
       2020ལོའི་ཀྲུང་གོའི་རིག་ཚན་གསར་འཛུགས་བྱ་བའི་ཚོགས་འདུའི་སྟེང«རིག་ཚན་གསར་པ་འཛུགས་སྐྲུན་བསྒྲགས་ཡིག»སྤེལ་ཏེ། ཚན་རྩལ་གསར་པའི་གསར་བརྗེ་དང་མིས་བཟོས་རིག་སྟོབས་སོགས་དུས་རབས་ཀྱི་འགྱུར་ལྡོག་ལ་ཁ་གཏད་པའི་མི་ཚུལ་རིག་ཚན་གྱི་འཚོ་གནས་དང་འཕེལ་རྒྱས་ལ་སྨན་པའི་ཐབས་སྣ་ཚོགས་བཏོན་ཡོད་དེ། རིག་ཚན་ཚད་བརྒལ་རིགས་དབྱེས་མི་ཚུལ་མཚན་ཉིད་པ་དང་མི་ཚུལ་རིག་སྟོབས་མཚན་ཉིད་པ་ཐོན་མ་ནུས་པར་ལྟོས་བཅས་ཀྱིས་མི་ཚུལ་རིག་ཚན་དང་དེར་སློབ་སྦྱོང་བྱེད་མཁན་གྱིས་རིག་ཚན་བསྣོལ་འདྲེས་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་ཚུལ་བསྟན་ལ། རིག་གཞུང་མ་རྩ་རིང་ལུགས་ཀྱི་བྱུང་སྐྱེད་སོགས་ཀྱིས་རིག་ཚན་ཆབ་སྲིད་དང་དཔལ་འབྱོར་ཕྱོགས་སུ་གཞོལ་ཚུལ་ཆེ་བས་རིག་གཞུང་རིན་ཐང་གཞལ་ཚད་ཀྱི་གནམ་ཐིག་འཆོལ་བར་གཞིགས་ནས་རིག་ཚན་དཔྱད་འཇོག་གཞུང་ལག་གསར་བསྒྱུར་བྱེད་པ་དང་། མི་ཚུལ་རིག་ཚན་གྱི་སློབ་གསོའི་ཕྱོགས་ནས། དེའི་ཤེས་བྱའི་སྒྲིག་གཞི་དང་དེ་ལས་ཐོན་པའི་ཤེས་ལྡན་པ་དག་སྐབས་ཀྱི་སྤྱི་ཚོགས་མཁོ་ངེས་དང་ལས་ཞུགས་ཁྲོམ་ར་དང་ཁ་བྲལ་དུ་ཡོད་པར་ལྟོས་པས་ཡོངས་འཛོམས་མི་ཚུལ་ཤེས་ལྡན་རིག་ཚན་མི་སྣ་གསོ་སྐྱོང་དང་རིག་ཚན་ཤེས་བྱའི་སྤྱི་ཁོག་གསར་འབེབས་སོགས་རིག་ཚན་རང་ངོས་ནས་མི་ཚུལ་རིག་ཚན་གྱི་སྒྲིག་གཞི་དང་སྔོན་སྲོལ་ལྟར་གྱི་རིག་གནས་གཙོ་བོ་གང་ཇི་ལྟར་ཐོན་སྐྱེད་བྱེད་སྟངས་ལ་གནས་འགྱུར་གཏིང་ཟབ་བཏང་ནས་སྐབས་ཀྱི་ཚན་རྩལ་དང་དཔལ་འབྱོར་སྤྱི་ཚོགས་ལ་མཐུན་མཚམ་ཡོད་པར་བྱེད་དགོས་པ་སོགས་བཏོན་ཡོད། ཡང་། མི་ཚུལ་རིག་པར་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ཕྱིན། མིས་བཟོས་རིག་སྟོབས་ཀྱི་འགྲན་རྩོད་ལམ་འཁྱེར་གྱིས་མི་ཚུལ་རིག་ཚན་དང་ཚན་རྩལ་གསར་པ་ཟུང་སྦྲེལ་གྱི་རིག་ཚན་གསར་པའི་ལམ་ཆེན་དུ་སྐྱོད་ནུས་པ། རིག་ཚན་བསྣོལ་འདྲེས་སློབ་སྦྱོང་ཞིབ་འཇུག་གིས་སྣ་ཚོགས་ལས་རིགས་གཞན་ལ་འཇུག་པའི་ནུས་པ་ཡོད་པ། མི་ཚུལ་ཤེས་བྱ་དེ་རིག་གནས་ཐོན་རྫས་དང་ཞབས་ཞུའི་ཐོན་རྫས་སུ་སྤོ་སྒྱུར་ཐུབ་པའི་གསར་གཏོད་ཀྱི་བློ་སྤོབས་ལྡན་པར་མ་ཟད། འཇིག་རྟེན་གྱི་ལས་དོན་ཀུན་ལ་དཔྱོད་ཤེས་ཀྱིས་འཇུག་མཁས་ཤིང་དགག་གཞག་གི་སྙིང་སྟོབས་མི་ཞུམ་པའི་ཡོངས་འདུས་མི་ཚུལ་ཤེས་ལྡན་པའི་ཕྱོགས་སུ་བརྩོན་དགོས་པ་ནི་མི་ཚུལ་རིག་ཚན་ལ་འཇུག་མཁན་རྣམས་ཀྱི་ཕུགས་ཀྱི་གཏད་སོ་ཡིན།
       ཡང་། མི་ཚུལ་རིག་ཚན་གྱི་སྒྲིག་གཞི་དང་དེའི་ཤེས་བྱའི་སྤྱི་ཁོག་སོགས་དུས་ཀྱི་འགྱུར་ལྡོག་དང་ཞལ་བསྟུན་པར་ཁ་སྒྱུར་གཏོང་བ་ནི་བྱ་དངོས་འཕེལ་རྒྱས་འབྱུང་བའི་ལྡོག་མེད་ཀྱི་ཆོས་ཉིད་དང་མཐུན་པས་དེ་ལ་ཁ་ལྡོག་ཏུ་ལྟ་དགོས་དོན་མེད་མོད། མི་ཚུལ་རིག་ཚན་རང་གི་སྙིང་རྡོར་གྱུར་པའི་དགག་གཞག་གི་སྙིང་སྟོབས་དང་གསར་གཏོད་ཀྱི་རིག་སྟོབས་སོགས་རྩ་བ་མི་འཐོར་བ་ནི་གནད་ཀྱི་དམ་པའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།