ཆའན་ལི་ཆུན་གྱི་རྩོམ་ཡིག་བོད་འགྱུར་མ།

རྩོམ་པ་པོ།:​​​​​​​འཇམ་དཔལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-02-07 10:33:13 ཀློག་གྲངས།:
ང་ཡི་གྱེས་བྲལ་གྱི་ཤིས་ཚིག
པེ་ཅིང་སློབ་ཆེན་དུ་ཆེས་མཐའ་མཇུག་གི་སློབ་ཁྲིད། ཆའན་ལི་ཆུན།
འཇམ་དཔལ་གྱིས་བསྒྱུར།

 
       དེ་རིང་ང་རང་པེ་ཅིང་སློབ་ཆེན་དུ་ཡོད། སློབ་ཆེན་གྱི་དངོས་གཞིའི་འཆད་ཁྲིད་སྟེགས་བུའི་སྟེང་དུ་ཆེས་མཐའ་མཇུག་གི་སློབ་ཁྲིད་བྱེད་བཞིན་ཡོད་པས། ཆེས་མཐའ་མཇུག་གི་དུས་ཚོད་བེད་སྤྱད་ནས་ངས་པེ་ཅིང་སློབ་ཆེན་སློབ་མར་བཤད་འདོད་པའི་སྐད་ཆ་བཤད་དགོས་ཏེ། གཙོ་བོ་གནད་དོན་གཉིས་ནས་གླེང་རྒྱུ་ཡིན།
གནད་དོན་དང་པོ། ངས་པེ་ཅིང་སློབ་ཆེན་སློབ་མར་བཅངས་པའི་རེ་སྒུག་ཡིན།
       “པེ་ཅིན་སློབ་ཆེན་གྱི་སྙིང་སྟོབས་ཤོར་བའི”གནད་དོན་སྐོར་གླེང་བ་མང་དྲགས་ཤིང་། ང་ཚོ་ཚང་མ་སྤྱིར་བཏང་གི་དགེ་རྒན་དང་སློབ་མ་ཡིན་པས། འདི་དག་ཡོད་ཚད་འགོག་པའི་ནུས་པ་མེད། ང་ཚོས་སྒྲུབ་ཐུབ་པ་ནི“བརྟན་སྲུང”ཙམ་ཡིན་པ་སྟེ། ཆབ་སྲིད་ཀྱི་གཏན་ཚིགས་དང་མ་རྩའི་གཏན་ཚིགས་ཀྱིས་ཡོད་ཚད་སྒྲིབ་སྐབས། ང་ཚོས་ད་དུང་བསམ་བློའི་གཏན་ཚིགས་དང་། རིག་གཞུང་གི་གཏན་ཚིགས་། སློབ་གསོའི་གཏན་ཚིགས་བཅས་བརྟན་སྲུང་བྱེད་དགོས།
       དེར་བརྟེན། ངས་པེ་ཅིང་སློབ་ཆེན་གྱི་སློབ་མར་རེ་སྒུག་གཉིས་ཡོད། ཐོག་མར། རེད།
       “རང་བཙན་དང་། རང་དབང་། མཐའ་དཔྱོད། གསར་སྐྲུན”ཞེས་པའི་པེ་ཅིང་སློབ་ཆེན་གྱི་སྙིང་སྟོབས་དོར་མི་རུང་།
       དེ་ནི་སློབ་གྲོགས་ཚོར་གདམ་ག་མི་འདྲ་བ་ཡོད་ཆོག་པ་སྟེ། སློབ་གྲྭ་མཐར་ཕྱིན་རྗེས་ལས་གནས་མི་འདྲ་བའི་ཕྱོགས་སུ་བསྐྱོད་རྒྱུ་དང་། བྱ་གཞག་མི་འདྲ་བའི་ལས་ཀ་བྱེད་ཐུབ་པས། མི་ཚེའི་འགྲོ་ལམ་ལའང་འགྱུར་ལྡོག་མང་པོ་འབྱུང་སྲིད་མོད། འོན་ཀྱང་གཅིག་ནི་གཅིག་མཐུན་ཡིན་དགོས་པ་དང་འགྱུར་བ་མེད་པ་ཞིག་ནི། ང་ཚོ་པེ་ཅིང་སློབ་ཆེན་གྱི་ས་ཞིང་འདིར་གསོ་སྐྱོང་བྱས་ཡོད་པས། ང་ཚོས་ནམ་ཡང“རང་བཙན་དང་། རང་དབང་། མཐའ་དཔྱོད། གསར་གཏོད”ཅེས་པའི་པེ་ཅིང་སློབ་ཆེན་གྱི་སྙིང་སྟོབས་འདོར་མི་རུང་།
       ཁྱེད་རང་སྲིད་དོན་ལ་ཞུགས་སྲིད་མོད། འོན་ཀྱང་ཁྱེད་རང་ངེས་པར་དུ་རང་ཚུགས་དང་རང་དབང་གི་བསམ་བློ་ལྡན་པ་དང་། དགག་པ་དང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་ཆབ་སྲིད་མཁས་ཅན་དང་གཞུང་ཞབས་པ་ཞིག་བྱེད་དགོས་པ་ལས། སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་པ་དང་། རླུང་དང་བསྟུན་ནས་ཁ་ལོ་བསྒྱུར་བའི་སྐུ་མགྲོན་ངོ་མ་དང་ཁ་ཉན་ཚིག་བརྩི།བྱ་བ་ཅི་ཡང་མེད་པའི་དཔོན་ངན་ཞིག་བྱེད་མི་འོས།
       ཁྱེད་ཀྱིས་གཅིག་བྱས་ན་ཚོང་གཉེར་བྱེད་སྲིད་མོད། འོན་ཀྱང་ངེས་པར་དུ་རང་ཚུགས་དང་རང་དབང་གི་བསམ་བློ་ལྡན་པ་དང་། མཐའ་དཔྱོད། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་ཁེ་ལས་མཁས་ཅན་དང་། བརྒྱུད་འཚོང་མཁན་ཞིག་བྱེད་དགོས་པ་ལས། སྐབས་འཚོལ་གཡོ་ཐབས་དང་ཁེ་སྤོགས་ཆེན་པོ་ཐོབ་པའི་ཚོང་བ་གཡོ་ཅན་དང་། རེ་མེད་ཐབས་མེད་ཀྱི་ཚོང་བ་ཐབས་རྡུགས་ཤིག་མིན།
       ཁྱོད་ཀྱིས་གཅིག་བྱས་ན་སློབ་གཉེར་དང་། དགེ་རྒན་བྱེད་པ།འགྱུར་དཔེ་སྐྲུན་གྱི་ལས་ཀ་བྱེད་པ། ཁྱེད་ཀྱིས་ཀྱང་ངེས་པར་དུ་རང་ཚུགས་དང་རང་དབང་། མཐའ་དཔྱོད།གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་མཁས་པ་དང་། དགེ་རྒན། རྩོམ་སྒྲིག་པ། གསར་འགོད་པ་བྱེད་དགོས་པ་ལས། རྣམ་ཤེས་འཚོང་མཁན་གྱི་འཁྱམ་རོགས་དང་། རྩོམ་རིག་མཁས་ཅན་ལ་རོགས་རམ་བྱེད་པ་དང་། རྩོམ་རིག་ལས་རིགས་ཀྱི་རིག་གཞུང་ལས་རིགས་སུ་འཆམ་འཆམ་བྱེད་པའི་ཕན་མེད་ཀྱི་མི་ཞིག་བྱ་མི་རུང་།
       རང་ཚུགས་དང་། རང་དབང་། མཐའ་དཔྱོད། གསར་གཏོད་བཅས་ཀྱི་པེ་ཅིང་སློབ་ཆེན་གྱི་སྙིང་སྟོབས་ཇི་ལྟར་རྒྱུན་འཁྱོངས་བྱེད་དགོས་ན། མི་མི་འདྲ་བ་དང་།ཁོར་ཡུག་མི་འདྲ་བ། གོ་སྐབས་མི་འདྲ་བ། གཤིས་ཀ་དང་འཇོན་ཐང་ཡང་མི་འདྲ་བས། དེའི་མཚོན་ཚུལ་དང་འདོན་སྤེལ་བྱེད་ཚད་མི་འདྲ་ཞིང་། སློབ་གྲོགས་ལ་ལའི་མངོན་ཚུལ་ཅུང་ཟད་འབུར་ཐོན་དང་། ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་ཞིག་ཏུ་གྱུར་ལ། སློབ་གྲོགས་དེ་བས་མང་པོ་ཞིག་གིས་འགན་འཁྲི་ལེགས་སྒྲུབ་བྱེད་ཀྱིན་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་སྤྱོད་པ་སྟེ། བྱས་རྗེས་འཇོག་བསམ་པ(གསར་གཏོད)དང་། མི་བསམ་པ(དོགས་སློང་དང་མཐའ་དཔྱོད)རང་བཙན་དང་རང་དབང་གི་བསམ་གཞིག་དང་མི་གཤིས་ཡོད་དགོས་པ་དེ་རེད།
       འདི་ནི་ང་ཚོ་པེ་ཅིང་སློབ་ཆེན་གྱི་གསང་ཐག་ཡིན་པས། སྣང་མེད་དུ་འཇོག་མི་རིགས་སོ།།
       ང་ཡིས་ཤེས་གསལ་ལྟར། དངོས་ཡོད་ཀྱི་ཀྲུང་གོར་བྱ་བ་འདི་ཉིད་སྒྲུབ་ཐུབ་རྒྱུ་ནི་ཁག་པོ་ཞིག་དང་། ཧ་ཅང་ཁག་པོ་ཞིག་རེད། མི་ཚེ་གང་བོར་རྒྱུན་འཁྱོངས་བྱ་དགོས་ན་ཁག་པོ་ཞིག་དང་། དེ་བས་ཁག་པོ་ཞིག་རེད། ང་ཚོས་ཁ་གཏད་དུ་འཇུག་པ་ནི་ཚོས་སྣོད་ཆེན་པོ་ཞིག་ཡིན་པ་དང་། དྲང་གཞག་དང་ལུགས་མཐུན་གྱི་རོལ་རྩེད་སྒྲིག་སྲོལ་བཙུགས་མེད་པ་དང་། དམངས་གཙོ་ལྟ་སྐུལ་གྱི་སྒྲིག་སྲོལ་མེད་པ་ཞིག་ཡིན། སྒྲིག་སྲོལ་འདིའི་འོག་ཏུ་མི་ལ་རུལ་བསླད་ཐེབས་སླ། རང་བཙན་དང་རང་དབང་གི་བསམ་བློ་ཡོད་མི་ཆོག་པ་དང་། མཐའ་དཔྱོད་འོག་གནོན་དང་གསར་གཏོད་ཀྱི་སྙིང་སྟོབས་གནོན་འཁུམ་བྱེད་པའི་སྒྲིག་སྲོལ་ཞིག་ཀྱང་རེད། སྒྲིག་སྲོལ་འདིའི་འོག་མི་ནི་གནོན་འཁུམ་བྱེད་སླ་བ་རེད། དེར་བརྟེན། རང་བཙན་དང་། རང་དབང་། མཐའ་དཔྱོད། གསར་གཏོད་བཅས་ཀྱི་པེ་ཅིང་སློབ་ཆེན་གྱི་སྙིང་སྟོབས་ངོ་མ་རྒྱུན་འཁྱོངས་བྱེད་པར་རིན་དོད་གཏོང་དགོས། དེ་ནི་དཀའ་ངལ་དང་ཉེན་ཁ་ལས་ཁེངས་པའི་མི་ཚེའི་བཤུལ་ལམ་ཞིག་རེད། སྐབས་འགར་ངས་ཀྱང་བསམ་དོན། ང་ཡིས་སློབ་གྲོགས་ཚོའི་མདུན་དུ་རེ་སྒུག་འདི་འདྲ་བཏོན་པ་ནི་ཕུགས་བསམ་ཅན་དུ་གྱུར་དྲགས་པར་མ་ཟད། ཐ་ན་ཚང་མར་གནོད་འཚེ་གཏོང་སྲིད་དམ། འོན་ཀྱང་ང་ལ་ལྷག་བསམ་རྣམ་དག་གིས་ཡིད་ཆེས་ཡོད་དེ། དེ་ནི་དངོས་ཡོད་ཀྱི་མི་ཚེ་དང་ཕུན་སུམ་ཚོགས་པའི་མི་ཚེའི་བཤུལ་ལམ་ཞིག་ཡིན། མངར་སྐྱུར་འདྲེས་མའི་སྡུག་བསྔལ་གྱིས་ཁེངས་པའི་མི་ཚེ་ནི་ད་གཟོད་དོན་སྙིང་ངོ་མ་ལྡན་པ་ཞིག་ཡིན། འདི་ནི་ང་ཡི་མི་ཚེ་གང་བོའི་ཉམས་མྱོང་དང་ཉམས་མྱོང་གིས་ང་ལ་བཤད་པ་རེད། ང་ཡིས་ལོ་ན་ཆུང་དུས་ལུའུ་ཞུན་གྱི«ཕྲུ་གུ»ཞེས་པ་ཀློག་སྐབས། ཁོང་གིས་རི་པིན་གྱི་རྩོམ་པ་པོ་ཡིའུ་ཏའོ་ཝུའུ་ལང་གི་སྐད་ཆ་ཞིག་དྲངས་ཡོད་དེ། “ཕྲུ་གུ་ལགས། མི་ཚེའི་ལམ་དུ་འགྲོ། མདུན་ལམ་ཧ་ཅང་ཐག་རིང་ལ་མུན་ནག་ཀྱང་ཡིན། འོན་ཀྱང་སྐྲག་མི་དགོས། ཞུམ་པ་མེད་པའི་མི་ཡི་མདུན་དུ་གཞི་ནས་བཤུལ་ལམ་ཡོད། ”་ཅེས་ཐེངས་རེར་འདི་ཉིད་ཀློག་སྐབས་ང་ལ་སེམས་འགུལ་ཆེན་པོ་ཐེབས། དེ་རིང་ང་ཡིས་འདི་ནས་ལྷན་རྒྱས་ཡོངས་ལ་རེ་སྒུག་འདི་འདྲ་བཏོན་པ་ནི་བཤུལ་ལམ་བུ་འདི་ཉིད་“མདུན་ལམ་ཧ་ཅང་རིང་ལ་མུན་ནག་ཀྱང་ཡིན”་ཞེས་ཚང་མར་བཤད་པ་ཡིན་མོད། འོན་ཀྱང་“སྐྲག་མི་དགོས། ཞུམ་པ་མེདཔའི་མི་རྣམས་ཀྱི་མདུན་དུ་གཞི་ནས་བཤུལ་ལམ་བུ་ཡོད”་ཅེས་བཤད་རྒྱུ་ཡིན། ང་ཡི་རེ་སྒུག་ནི་ཁྱེད་ཚོའི་ངོས་ནས་བཤད་ན་མི་ཚེའི་གདམ་ག་ཁྲོད་ཀྱི་དཔྱད་གཞིའི་བསམ་འཆར་ཙམ་ཡིན་པ་སྨོས་མེད་རེད། བཤུལ་ལམ་ཇི་ལྟར་འགྲོ་དགོས་པ་ནི་ད་དུང་རང་ཉིད་ཀྱིས་གདམ་དགོས།
       སློབ་ཁྲིད་ཁྲོད་ཀྱི་ཆན་ལི་ཆིན།
       མ་ཟད། ང་ལ་ད་དུང་རེ་སྒུག་གཉིས་པ་ཡོད།
       མིག་མདངས་ནམ་ཡང་མདུན་དུ་ཕྱོགས་པ་དང་། ཐུར་དུ་མི་ཕྱོགས་པ། ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་པ།
       1999ལོའི་ཟླ12པར། ང་ཡིས་པེ་ཅིང་སློབ་ཆེན་སློབ་མའི་ལྷན་ཚོགས་ཀྱི་ཁ་ཆད་ལྟར་རྩོམ་ཐུང་«དུས་རབས་གསར་བའི་གཞོན་ནུ་ཚོར་འཕྲིན་སྐུར»ཞེས་པ་ཞིག་བྲིས་ཏེ་ནང་དོན་གཉིས་བཤད་ཡོད། ཐོག་མར་“དུས་རབས་གསར་བས་བསམ་གཞིགས་གསར་བ་དང་། མཐའ་དཔྱོད་ནུས་པ། བསམ་པའི་བཀོད་ཤུགས། གསར་གཏོད་རང་བཞིན། དེ་བས་རང་དབང་གི་བསམ་པའི་བར་སྟོང་འབོད་སྐུལ་བྱེད་བཞིན་ཡོད་པས། ང་ཚོ་ཚང་མས་དེ་ལ་ལེགས་སྐྱེས་འབུལ་དགོས”་ཞེས་བཤད་པ་རེད། དེའི་ནང་དུ་ང་ཡིས་བརྡར་ཤ་གཅོད་པ་ཞིག་འདུས་ཡོད་པ་སྟེ། དུས་རབས་གསར་བར(ད་ལྟ་ང་ཚོ་སླེབས་པའི་དུས་རབས་ཉེར་གཅིག་པ)མིའི་རིགས་ལ“རིག་གནས་བསྐྱར་སྐྲུན”གྱི་ལས་འགན་འཕྲད་ཡོད་ལ། ཤེས་བྱ་འཕེལ་རྒྱས་ཆེན་པོ་དང་། འབྲེལ་འདྲིས་ཆེན་པོ། མིའི་རིགས་ཡོངས་ཀྱི་ཤེས་རིག་གདོང་གཏུག་ཆེན་པོ་དང་། སྤེལ་རེས་ཆེན་པོ། མཉམ་འདྲེས་ཆེན་པོ་བཅས་ཀྱི་དུས་རབས་ཤིག་ཀྱང་ཡིན། དུས་རབས་གསར་པ་འདི་འདྲ་ཞིག་ནི་མཐའ་དཔྱོད་དང་། གསར་གཏོད། རང་དབང་བཅས་ཀྱི་སྙིང་སྟོབས་དམིགས་སུ་བཀར་ནས་རེ་འབོད་བྱེད་ཀྱིན་ཡོད་པས། ང་ཡིས་གོང་དུ་པེ་ཅིང་སློབ་ཆེན་གྱི་སྙིང་སྟོབས་འདོར་མི་རུང་ཞེས་ནན་བཤད་བྱས་པ་ནི་དོན་དངོས་ཐོག་དུས་རབས་གསར་བ་འདི་འདྲ་ཞིག་གི་འཕེལ་རྒྱས་ཀྱི་ཕྱོགས་དེར་དམིགས་པ་ཡིན་ལ། དུས་རབས་གསར་བའི་ཤེས་ལྡན་མི་སྣ་ཞིག་ཡིན་པའི་ངོས་ནས་ཁྱེད་ཚོས་གལ་སྲིད་སྙིང་སྟོབས་འདི་འདྲ་དོར་ཚེ་དུས་རབས་ཆེན་པོ་འདི་ཉིད་དོར་བ་ཡིན།
       ཡིན་ནའང་ང་ཡི་རྩོམ་ཐུང་འདི་ཡི་གཙོ་གནད་ནི་ནང་དོན་འདི་འདྲ་ཞིག་མཚོན་པ་དེ་ཡིན།
       དུས་རབས་གསར་བས་འཛམ་གླིང་འདི་དང་། ཀྲུང་གོ་ཚོར་ཅི་ཞིག་སྦྱིན་པར་སྔོན་དཔག་བྱེད་མི་འདོད་པས། པེ་ཅིང་སློབ་ཆེན་གྱི་སློབ་མ་རྣམས་ལ་རེ་བ་བྱེད་པ་ཙམ་ཡིན་ལ། ང་ཡིས་ནམ་ཡང་མིག་གིས་མདུན་ནས་མདུན་དུ་ལྟ་བཞིན་ཡོད། “མདུན་གྱི་སྒྲ”ཡི་འབོད་སྒྲ་ཐོས་པ་ནས་མཚམས་མི་འཇོག་པར་མདུན་དུ་བསྐྱོད་པའི་རེ་བ་བྱེད་དགོས། དེ་དང་ཆབས་ཅིག་མིག་གིས་ཐུར་དུ་ལྟ་བ་སྟེ། ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་ནས་དམངས་ཁྲོད་དུ་གཏིང་ཟབ་ཏུ་གཏོང་དགོས་ལ། མི་དམངས་ཀྱི་དངོས་ཡོད་འཚོ་བར་དེ་བས་དོ་ཁུར་བྱེད་པ་དང་། རང་ཉིད་ཀྱང་མི་དཀྱུས་མ་ངོ་མ་ཞིག་བྱེད་དགོས།
       འདི་རུ“དུས་རབས་གསར་བས་འཛམ་གླིང་འདི་ཉིད་དང་། ཀྲུང་གོ་ཚོར་ཅི་ཞིག་སྦྱིན་པར་སྔོན་དཔག་བྱེད་མི་འདོད”ཅེས་བཤད་པའི་ནང་དུའང་ང་ཡི་བརྡར་ཤ་གཅོད་པ་ཞིག་འདུས་ཡོད་པ་སྟེ། དུས་རབས་ཉེར་གཅིག་པར། འཛམ་གླིང་དང་། ཀྲུང་གོ ཐ་ན་ང་ཚོ་རང་ཉིད་གང་ཡིན་རུང་ཚང་མར་རྙོག་འཛིང་ཆེ་ཞིང་སྔོན་དཔག་བྱེད་དཀའ་བའི་གནས་ཚུལ་ཞིག་ཏུ་འཕྲད་སྲིད། དེ་ནི་འཕེལ་རྒྱས་ཆེན་པོ་ཡོད་ལ། མགོ་འཐོམ་པ་དང་། ཐ་ན་རབ་རིབ་ཀྱི་དུས་རབས་གསར་བ་མང་པོ་ཞིག་ཀྱང་འབྱུང་སྲིད། འདི་ཡིས“མདུན་ཕྱོགས”གྱིས་ང་ཚོར་སྒུག་པའི་“ཅི་ཞིག”དང་། ང་ཚོས་ཇི་ལྟར་བྱེད་དགོས་པའི་གནད་དོན་འབྱུང་སླ་བ་རེད། དེ་རིང་ངས་ཀྱང་གནད་དོན་འདི་ཉིད་བཏོན་ནས་ལྷན་རྒྱས་དང་གྲོས་བསྡུར་བྱས་ཡོད།
       སྐབས་དེར་ལུའུ་ཞུན་གྱིས་ཁོང་གི«རྩྭ་ཐང»ནང་གི«འགྲུལ་བ»ཞེས་པའི་ནང་དུ་གནད་དོན་འདི་ལ་གྲོས་བསྡུར་བྱས་མྱོང་ཡོད། རྩོམ་ཡིག་ནང་གི“བུ་མོ་ཆུང་བས”(གཅིག་བྱས་ན་གང་ཡང་མགོ་མ་བརྩམས་པའི་འདུས་པའི་ལྷན་རྒྱས་ཚུད་ཡོད་ཀྱང་སྲིད།)མདུན་ཕྱོགས་ནི“མེ་ཏོག་ལྡུམ་ར”ཞིག་ཡིན་མོད། འོན་ཀྱང་དེ་ནི་རང་གི་འདོད་འདུན་གྱི་མཛེས་སྡུག་ལྡན་པའི་རྨི་ལམ་ཞིག་ཡིན་སྲིད། “རྒན་རྒོན”(ཕལ་ཆེར་ང་རང་ལྟ་བུའི་སྡུག་མཐའ་བརྒལ་བའི་མི་རབས་ཤིག་ཡིན་པ)གྱིས་བཤད་རྒྱུར། མདུན་ཕྱོགས་ནི“དུར་ས”ཡིན་པས། འདི་ཡིས་རྩ་བའི་དོན་དངོས་མཚོན་ཡོད་ཀྱང་སྲིད། གནད་དོན་ནི་འདི་འདྲའི་མདུན་ལྗོངས་ལ་གདོང་གཏད་པའི་རྣམ་འགྱུར་ཏེ། “རྒན་རྒོན”ཁོང་གིས“ངལ་གསོ”བྱ་རྒྱུ་ལས་མདུན་ཕྱོགས་སུ་མི་བསྐྱོད་པའི་ཁྱབ་བསྒྲགས་བྱས་པ་དང་། ལུའུ་ཞུན་གྱི་སྨྱུག་རྩེ་ཡི“འགྲུལ་བ”(ཚད་ངེས་ཅན་ཞིག་གི་ཐོག་ནས་ཁོང་རང་ཉིད་ཀྱང་ཡིན།)ཡུན་ཐུང་གི་ཐེ་ཚོམ་གྱི་རྗེས་སུ། ང“ཕྱིར་འཁོར”མི་རུང་ལ། “ངལ་གསོ”ཡང་བྱེད་མི་ཐུབ། རྒྱུ་མཚན་ནི“མདུན་གྱི་སྐད་སྒྲས་ང་རང་འགྲོ་ཞེས་བཤད”པ་དང་། “ང་རང་འགྲོ་རྒྱུ་ལས་གཞན་མེད། ”འགྲུལ་བ་ཡི་མདུན་ཕྱོགས་ནི་དུར་ས་ཡིན་པ་གསལ་བོར་ཤེས་ནས་འགྲོ་དགོས”ཞེས་པའི་སྙིང་སྟོབས་དེ་ནི་བློ་སྒོ་ཆེན་པོ་ལྡན་པ་ཞིག་རེད། འདི་རུ་བཤད་པའི་སྐད་སྒྲ་ནི་དོན་དངོས་ཐོག་རང་ཉིད་ཀྱི་ཚེ་སྲོག་གི་བཀའ་བཀོད་བལྟོས་མེད་ཡིན་ཏེ། དེ་ནི་མདུན་ཕྱོགས་ནི་ཅི་ཞིག་ཡིན་རུང་། དུར་ས་ཡིན་ནའང་ཕྱིར་འཐེན་གཏན་ནས་མི་བྱེད་པ་དང་། གཏན་ནས་མི་སྡོད་པ། བློ་ཕམ་གཏན་ནས་མི་བྱེད་པ། གཏན་ནས་མི་བསྐྱུར་བར"འགྲོ་བ"དང་། "མདུན་དུ་བསྐྱོད"དེ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རྩད་གཅོད། བཤུལ་ལམ་མེད་པ་ལྟ་བུའི་གནས་སུ་བསྐྱོད་པ། “ས་སྟེང་དུ་མ་གཞི་ནས་ལམ་མེད་ཀྱང་འགྲོ་མཁན་མང་བས་ལམ་དུ་གྱུར།”(ལུའུ་ཞུན་གྱི་«ཕ་ཡུལ») ང་ཡིས་འདི་ནས་གཟབ་ནན་གྱིས་ལུའུ་ཞུན་གྱི“འགྲུལ་སྐྱེལ་སྙིང་སྟོབས”དེ་ཉིད་ལྷན་རྒྱས་ཡོངས་ལ་ངོ་སྤྲོད་བྱ་བ་ནི། ཚང་མས་སླད་ཕྱིན་མི་ཚེ་ལམ་བུའི་ཐོག་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་དཀའ་ངལ་ཆེ་ཤོས་དང་རེ་ཐག་ཆད་པའི་དུས་ཡིན་ནའང་བློ་ཕམ་མི་བྱེད་པ་དང་བློས་གཏོང་མི་བྱེད་པར། “མིག་གིས་ནམ་ཡང་མདུན་ཕྱོགས་སུ་བལྟ་བ”དང་། “མཚམས་མི་ཆད་པར་མདུན་ཕྱོགས་སུ་བསྐྱོད”དེ། ཧུར་བརྩོན་ཡར་རྒྱས་དང་མདུན་བསྐྱོད་བྱེད་པ། ལག་ལེན་གྱི་ཁྲོད་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པའི་བསམ་པའི་རྣམ་པ་རྒྱུན་འཁྱོངས་དང་། དེ་ནི་དོན་དངོས་ཐོག་ལུའུ་ཞུན་གྱིས་བཤད་པའི“རྟག་ཏུ་གསར་བ་ཡིན་ཞིང་ལས་འགུལ་ལེགས་བཅོས་བྱེད་པའི་གདོང་ལེན”ཞེས་པའི་པེ་ཅིང་སློབ་ཆེན་གྱི་སྲོལ་རྒྱུན་དེ་ཉིད་ང་ཚོའི་པེ་ཅིང་སློབ་ཆེན་གྱི་སློབ་མ་ཚང་མའི་ཐོག་ནས་མངོན་པ་ཞིག་རེད།
       ང་ཡི་མིག་གིས་མར་ཕྱོགས་པའི་རེ་སྒུག་ལ་སེམས་ཁྲལ་ཞིག་འདུས་ཡོད་དེ། པེ་ཅིང་སློབ་ཆེན་གྱི་སློབ་གསོ“མཁས་མཆོག་རྫུན་མའི་སློབ་གསོ”རུ་འགྱུར་བཞིན་ཡོད། མ་གཞི་པེ་ཅིང་སློབ་ཆེན་གྱིས་ཤེས་ལྡན་མི་སྣ་རྩེ་གྲ་སྟེ་སྤྱི་ཚོགས་ཀྱི་མཁས་མཆོག་གསོ་སྐྱོང་བྱ་དགོས་ལ། སྐུ་ཞབས་ཚའེ་ཡོན་ཕེ་ཡིས་སློབ་ཆེན་གྱི་གྲུབ་ཚུལ་ཇུས་འགོད་བྱས་པ་ལྟར་ན། པེ་ཅིན་སློབ་ཆེན་ནི་ཞིབ་འཇུག་རྣམ་པའི་སློབ་ཆེན་ཞིག་ཡིན་པ་ལས་དངོས་སྤྱོད་རྣམ་པའི་སློབ་ཆེན་ཞིག་མིན། (སྐུ་ཞབས་ཚའེ་ལ་ཆེད་ཚན་ཞེས་བརྗོད) ང་ཡིས་སྔོན་ཆད“པེ་ཅིང་སློབ་ཆེན་གྱིས་དང་ཐོག་ང་ཚོའི་རྒྱལ་ཁབ་དང་། མི་རིགས། རིག་གཞུང་འཕེལ་རྒྱས་ལ་བསམ་གཞིགས་གསར་བ་འདོན་སྤྲོད་བྱེད་པའི་བསམ་བློ་བ་ཁག་གཅིག་གསོ་སྐྱོང་བྱེད་དགོས་པ་དང་། ལུའུ་ཞུན་གྱིས་རེ་སྒུག་བྱེད་པའི་‘བསམ་པའི་ལས་རིགས་ཀྱི་འཐབ་འཛིང་བ”དང་། དུས་མཚུངས་སུ་པེ་ཅིང་སློབ་ཆེན་གྱིས་གསོ་སྐྱོང་བྱས་པའི་ཆེད་ལས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚང་མ་ངེས་པར་དུ་བསམ་བློ་གཏོང་མཁན་ཡིན་དགོས་པ་དང་། ངེས་པར་དུ་ད་ལྟའི་གནས་ཚུལ་ལ་ནམ་ཡང་ཡིད་མི་ཚིམ་པ་དང་། བསམ་བློ་འཚོལ་ཞིབ་ནམ་ཡང་མཚམས་འཇོག་མི་བྱེད་པའི་བསམ་པའི་འཁྱམ་པོ་ཡིན་དགོས། “ཆེད་ལས་འདི་ཡི་རིག་གཞུང་བསམ་བློ་གསར་བ་དང་། ཞིབ་འཇུག་ཁྱབ་ཁོངས་དང་ཁ་ཕྱོགས་གསར་བ། ལག་རྩལ་དང་བྱེད་ཐབས་གསར་བ་བཅས་ཀྱི་གསར་གཏོད་བྱེད་མཁན་ཡིན་དགོས། ”དེར་བརྟེན“པེ་ཅིང་སློབ་ཆེན་གྱི་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གིས་གཞི་རྩའི་རིག་གཞུང་དང་རྨང་གཞིའི་རིགས་པའི་གཞུང་ལུགས་ལ་དེ་བས་མཐོང་ཆེན་བྱེད་དགོས་པ་དང་། སྔར་བས་ཐོག་མའི་གསར་རྩོམ་རང་བཞིན་དང་། གསར་གཏོད་རང་བཞིན། སྔོན་ཐོན་རང་བཞིན་བཅས་ལྡན་དགོས་པ་དང་། རང་བྱུང་ཚན་རིག་དང་། སྤྱི་ཚོགས་རིག་གནས། མི་ཆོས་ཚན་རིག་བཅས་ཕན་ཚུན་བསྡུ་ལེན་དང་ཕྱོགས་བསྡུས་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས”ཞེས་གསུངས་པ་རེད། ད་ལྟའི་གནད་དོན་ནི་ཏག་ཏག་པེ་ཅིང་སློབ་ཆེན་གྱིས་རང་ཉིད་ཀྱི་ཞིབ་འཇུག་ཅན་གྱི་སློབ་ཆེན་གྱི་ལེགས་ཆ་དོར་ནས“ཁྲོམ་རའི་དགོས་མཁོ་དང་འཚམ་པའི”འབོད་ཚིག་འོག དངོས་སྤྱོད་ཅན་གྱི་ཆེད་ལས་ཚན་ཁག་གི་ཕྱོགས་སུ་བཅར་བས་སློབ་གྲྭའི་གནས་བབ་རྙོག་འཛིང་བཟོས་པར་མ་ཟད། སློབ་གྲྭའི་སློབ་ཁྲིད་དང་ཞིབ་འཇུག་གི་ཆུ་ཚད་དང་སྤུས་ཀ་ཆེས་ཆེར་ཇེ་དམའ་རུ་ཕྱིན་པས། གོང་གི་བྱང་ཚད་མཐོ་བའི་བསམ་བློ་དང་རིག་གཞུང་གི་གསར་གཏོད་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དམིགས་འབེན་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་ཡོད། མི་རིགས་ཀྱི་བསམ་བློ་རིག་གནས་རིག་གཞུང་གི་མཁས་མཆོག་ངོ་མ་ནི་མིའི་རིགས་དང་མི་རིགས་ཀྱི་བཟང་ཤོས་ཀྱི་འཐུས་མི་ཡིན་པ་དང་། སྤྱི་ཚོགས་སྤྱི་ཡི་ཁེ་ཕན་གྱི་འཐུས་མི་ཡིན་པས། སྤྱི་ཚོགས་ཀྱི་ཐུགས་ཁུར་དང་དམའ་རིམ་གྱི་ཐུགས་ཁུར་དྲག་པོ་ལྡན་ངེས་པས། ཁོང་གི་མིག་མདངས་ནི་མདུན་ཐུར་གཉིས་སུ་ཕྱོགས་པ་སྟེ། “རྐང་བ་བརྟན་པོས་ནམ་མཁའི་སྐར་མར་བལྟ”ཞེས་པ་དེ་ཡིན།
       ང་ལ་སེམས་ཁྲལ་ཐེབས་པའི་པེ་ཅིང་སློབ་ཆེན་གྱི“མཁས་མཆོག་རྫུན་མའི་སློབ་གསོའི”ཕྱོགས་ལྷུང་འོག་གསོ་སྐྱོང་བྱེད་དགོས་པའི་མཁས་མཆོག་ནི་མིང་ཡོད་ཀྱང་དོན་མེད་པའི“མཁས་མཆོག་རྫུན་མ”ཞིག་རེད། “མཁས་མཆོག་རྫུན་མའི་སློབ་གསོ”ཟེར་བའི་གནད་འགག་ནི་དོན་དངོས་ཐོག“སློབ་སྦྱོང་བྱས་ན་ཕུལ་དུ་བྱུང་བའི་མཁས་པ་འབྱུང་བའི”སྲོལ་རྒྱུན་དེ་ཡིན་ཞིང་། པེ་ཅིང་སློབ་ཆེན་གྱི་ཟམ་པ་དེ་བརྒྱུད་དེ་ཁེ་ཕན་ཐོབ་པའི་ཚོགས་པའི་ནང་དུ་འབད་པས་ཞུགས་ནས་ཡོད། དེ་ནི་ཚའེ་ཡོན་ཕེ་ཡིས་སྔོན་བྱོན་མི་རབས་དེ་ཚོར་ངོ་རྒོལ་བྱས་པ་ཞིག་ཡིན་པས། ནུས་ཤུགས་ཡོད་རྒུས་གཡོལ་དགོས་པ་ཞིག་རེད། དེར་བརྟེན། སློབ་གཙོ་ཚའེ་ཡིས་འགན་བཞེས་ཀྱི་ཉིན་དང་པོའི་གཏམ་བཤད་ཁྲོད། “རྒྱལ་པོ་རྣམས་ཀྱིས་ངེས་པར་དུ་དམིགས་ཡུལ་གཏན་འཁེལ་བྱས་ནས་སློབ་སྦྱོང་བྱེད་ཆེད་ཡོང་བ་ཡིན། ཧྥ་རན་སིའི་མཁས་པ་ནི་དཔོན་པོ་བྱེད་པའི་ཆེད་དུ་མིན། ཚོང་ལས་ཚན་ཁག་ཏུ་ཞུགས་མཁན་ནི་ཕྱུག་འགྱུར་གྱི་ཆེད་དུ་མིན”ཞེས་སློབ་སྟོན་ནན་ཏན་བྱས། རྗེས་སུ་ཁོང་གིས་ཀྱང་གནས་ཚུལ་མང་པོ་ཞིག་གི་ཐོག་ནས“སློབ་ཆེན་ནི་ཤེས་བྱ་ཁོ་ནར་ཞིབ་འཇུག་བྱེད་པའི་ལས་ཁུངས་ཤིག་ཡིན་པས། ཐོབ་ཐང་གསོ་སྐྱོང་བྱེད་སའི་གནས་སུ་བརྩི་མི་རུང་ལ་ཤེས་བྱ་འཚོང་སའི་གནས་སུ་ཡང་བརྩི་མི་རུང་། ”ཚང་མས་དེ་རིང་གི་པེ་ཅིང་སློབ་ཆེན་ལ་བལྟས་ན། སུ་ཞིག་སློབ་གྲྭར་ཞུགས་པ་ནི་དཔོན་པོ་དང་ཕྱུག་འགྱུར་གྱི་ཆེད་དུ་མ་ཡིན་པར། པེ་ཅིང་སློབ་ཆེན་ནི་སྔ་མོ་ཞིག་ནས་ཐོབ་ཐང་གསོ་སྐྱོང་བྱེད་སའི་གནས་སུ་གྱུར་བ་དང་ཤེས་བྱ་འཚོང་སའི་གནས་སུ་གྱུར་ཡོད། གནད་དོན་ནི། པེ་ཅིང་སློབ་ཆེན་དང་ཀྲུང་གོའི་སློབ་ཆེན་གྱི་འགྱུར་ལྡོག་དེ་དག་ལ་སྤྱི་ཚོགས་ཀྱི་རྨང་གཞི་ཡོད། རྒྱུགས་ལེན་སློབ་གསོའི་འོག་ཁྱེད་ཚོས“ལོ་ངོ་བཅུ་གཉིས(སློབ་ཆུང་ལོ་དྲུག་དང་སློབ་འབྲིང་ནས་ལོ་དྲུག)དཀའ་ངལ་ཆེན་པོ་མྱངས་ཤིང་། མཐར“དམག་སྟོང་རྟ་ཁྲི་ཡི་གདུང་ཟམ”བརྒྱུད་དེ་པེ་ཅིང་སློབ་ཆེན་གྱི་མཐོ་ཤོས་ཀྱི་སློབ་གྲྭ་ཞིག་ཏུ་ཞུགས་ཡོད། དེའི་ཆེད་དུ་རིན་དོད་ཡོད་ཚད་བློས་གཏོང་མི་བྱེད་པའི་ཁྱིམ་བདག་མ་ཟད། ཐ་ན་ཁྱེད་ཚོ་རང་ཉིད་ཀྱིས་ཀྱང“ཆུ་ལ་གནས་པའི་ཐོག་ཁང་དུ་སྡོད་མཁན་གྱིས་ཐོག་མར་ཟླ་བ་མཐོང་བ”དང་པེ་ཅིང་སློབ་ཆེན་གྱི་ཚོང་རྟགས་འདི་ཉིད་སྤྱད་དེ་ཁེ་ཕན་ཐོབ་པའི་ཚོགས་པ་སྣ་ཚོགས་ཀྱི་ནང་དུ་ཞུགས་རྒྱུའི་རེ་བ་བྱེད་ཀྱིན་ཡོད། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་ཁྱེད་ཚོ་དང་དེ་བཞིན་ཁྱེད་ཚོའི་ཁྱིམ་བདག་གིས་པེ་ཅིན་སློབ་ཆེན་དུ་སློབ་སྦྱོང་བྱས་པ་བརྒྱུད་ནས་རང་ཉིད་དང་ཁྱིམ་ཚང་གི་ལས་དབང་བསྒྱུར་ནས་སྤྱི་ཚོགས་ཀྱི་མཁས་མཆོག་ཏུ་གསོ་སྐྱོང་བྱེད་འདོད་ཡོད་པ་སྟེ། “དཀའ་ངལ་གྲངས་མེད་བརྒྱུད་ནས་རྒྱལ་ཁ་བླངས་པ”ཟེར་བ་དང་། ཡང་ན་སྤྱི་ཚོགས་ཀྱི་དམའ་རིམ་ཁོངས་མི་ཡར་ཕྱོགས་སུ་འགྲོ་སྐྱོད་བྱེད་པ་ནི་ཚུལ་མཐུན་དང་ལུགས་མཐུན་ཡིན་ལ། དེ་ནི་གཞི་རྩའི་ཁེ་དབང་ཞིག་ཀྱང་ཡིན། གནད་དོན་ནི་ཁེ་ཕན་ཐོབ་ཟིན་པའི་ཚོགས་པའི་འདུ་ཤེས་ནང་དུ་ཞུགས་ནས(འདི་ཡང་སྤྱི་ཚོགས་ཀྱིས་གསོ་སྐྱོང་བྱས་པ་ཞིག་རེད།)
       དེ་ལས་ཚབས་ཆེ་བ་ཞིག་ནི། པེ་ཅིང་སློབ་ཆེན་དུ་སླེབས་རྗེས། དང་ལེན་བྱ་བ་ནི་གོང་དུ་ང་ཚོས་བཤད་པའི་སློབ་གཙོ་ཚའེ་ཡིས་ངོ་རྒོལ་གང་ཐུབ་བྱས་པའི་ཐལ་དྲགས་པའི་རྒྱལ་ཁབ་རིང་ལུགས་ཀྱི་སློབ་གསོ་དང་ཐལ་དྲགས་པའི་དངོས་ཕན་རིང་ལུགས་ཀྱི་སློབ་གསོ་ཡིན་ལ། ཐལ་དྲགས་པའི་སློབ་གསོ་འདི་གཉིས་ནི་པེ་ཅིང་སློབ་ཆེན་ལྟ་བུའི་གཙོ་གནད་སློབ་ཆེན་ཟེར་བ་དེ་ནི་ང་ཚོས་འདིར་བཤད་པའི“མཁས་མཆོག་རྫུན་མའི་སློབ་གསོ”ཡིན་པ་ལས། སྤྱི་ཚོགས་ཀྱི་མཁས་མཆོག་ངོ་མ་གསོ་སྐྱོང་བྱེད་པར་ངེས་པར་དུ་ཡོད་དགོས་པའི་སྤྱི་པའི་ཁེ་ཕན་གྱི་འདུ་ཤེས་དང་། སྤྱི་ཚོགས་ཀྱི་ཐུགས་ཁུར། དམའ་རིམ་གྱི་ཐུགས་ཁུར་བཅས་མིན། “མི་གཞན་དགྲ་བོར་བྱེད་པའི”ཆེ་བས་ཆུང་ཟ་བྱེད་པའི་འགྲན་རྩོད་འདུ་ཤེས་ཟེར་བ་དང་། ངལ་རྩོལ་དང་། ངལ་རྩོལ་མི་དམངས། དམངས་ཚོགས་དཀྱུས་མ། ས་ཞིང་དང་ཁ་བྲལ་བ། ཞིང་སའི་རིག་གནས་དང་མི་དམངས་ཀྱི་མཁས་མཆོག་འདུ་ཤེས་ཟེར་བ(ང་ཚོས་བཤད་ཟིན་པ་ལྟར་ན། དེ་ནི་དོན་དངོས་ཐོག་མཁས་མཆོག་རྫུན་མ་ཡིན།)
       སློབ་གསོ་འདི་ལྟ་བུའི་འོག་ཏུ་གསོ་སྐྱོང་བྱས་པའི་རྩེར་སོན་སློབ་མ་ཟེར་བ་རྣམས་ལ་ཁྱད་ཆོས་གཉིས་ཡོད་པ་སྟེ། གཅིག་ནི་རང་ཕན་རིང་ལུགས་ཐལ་དྲགས་པ་མ་ཟད། བློ་རིག་མཐོ་བའི་རྨང་གཞིའི་སྟེང་དུ་བཙུགས་པ་ཞིག་ཡིན་པས། རང་ཉིད་ཀྱི་ཁེ་ཕན་ལས་གཞན་དད་མོས་དང་དད་སེམས་གང་ཡང་མེད་པའི་ཞིབ་ཚགས་དང་ཞིབ་ཚགས་པའི་རང་ཕན་རིང་ལུགས་དང་། གཉིས་ནི་རང་ཉིད་སྐྱེས་པ་དང་གསོ་སྐྱོང་བྱེད་པའི་ས་ཞིང་དང་། ས་ཞིང་གི་རིག་གནས། མི་དམངས་བཅས་ལ་ཤེས་རྟོགས་ཐད་ཀྱི་ངོ་མི་ཤེས་པའི་ཚོར་བ་ཡོད་པ་མ་ཟད། བརྩེ་དུང་དང་སེམས་ཁམས་ཚང་མར་ཁ་བྲལ་བའི་ཚོར་བ་ཞིག་ཀྱང་ཡོད། ཁོ་ཚོ་ཚང་མ་འཛམ་གླིང་རིང་ལུགས་པ་ལྟ་བུ་རེད། (ཁོ་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་འབོད་ཚིག་སྤྲིན་པར་འབོད་རུང་)འོན་ཀྱང་དོན་དངོས་སུ་རྒྱལ་ཁབ་གཞན་གྱི་འཇིག་རྟེན་དུ་ཞུགས་འདོད་མེད་ལ་ཞུགས་ཀྱང་མི་ཐུབ། ཁེར་རྐྱང་གི་མི་སྒེར་ཁོ་ན་དང་། རྩ་བ་ཤོར་བ་དང་རྩ་བ་མེད་པའི་རྣམ་པ་འདི་འདྲ་ཞིག་གིས་ཁོ་ཚོར་སྡུག་བསྔལ་ངོ་མ་བཟོ་སྲིད་མོད། འོན་ཀྱང་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཁོ་ཚོས་ཚོར་མི་སྲིད། གང་ལགས་ཤེ་ན། སྤྱི་ཚོགས་འདི་ཡིས་ཁོ་ཚོར་སྟབས་བདེ་བའི་ཚོར་བ་སྟེར་སྲིད། ཁོང་ཚོ་སྒྲིག་སྲོལ་འདི་ཡིས་རྒྱུན་འཛིན་པར་གསོ་སྐྱོང་བྱེད་བཞིན་ཡོད། དེ་ཡང་ལྡོག་མེད་ཅིག་རེད། མིག་སྔའི་སྤྱི་ཚོགས་ལ་འདེགས་སྐྱོར་བྱེད་ཐུབ་པའི་ཤེས་ལྡན་མི་སྣ་ནི་དད་མོས་ཅན་དང་ལྐོག་ཉན་ཅན་གྱི་ཤེས་ལྡན་མི་སྣ་ཡིན་མི་སྲིད་པར། དད་མོས་མེད་པ་འདི་འདྲ་ཞིག་ཡིན་ངེས་པས། ཁེ་ཕན་དོན་གཉེར་བྱེད་ཆེད་བཀའ་བཀོད་ཡོད་ཚད་ལ་ཉན་ཆོག་མོད། འོན་ཀྱང་དེང་རབས་ཚན་རིག་ཤེས་བྱ་དང་། དོ་དམ་འཇོན་ཐང་ལྡན་པ། རྒྱལ་སྤྱིའི་མ་རྩ་དང་འབྲེལ་བ་བྱེད་མཁས་པ། བློ་རིག་མཐོ་བ་དང་ཆུ་ཚད་མཐོ་བའི་རང་ཕན་རིང་ལུགས་ཐལ་དྲགས་མཁན་ཡིན་པས། ཁོ་ཚོས་ལས་ཆོད་ཆེ་བའི་སྒོ་ནས་རྒྱལ་ཁབ་ཀྱི་འདོད་བློ་ལག་བསྟར་བྱེད་ཐུབ་པར་མ་ཟད། ཁེ་ཕན་ཐོབ་ཟིན་པའི་ཚོགས་པའི་རྐང་འཛིན་ཁོངས་མི་ཞིག་ཏུ་འགྱུར་ཐུབ། རྒྱུན་འཛིན་པ་འདི་འདྲ་གསོ་སྐྱོང་དང་སྐྱེལ་མ་བྱ་རྒྱུ་ནི་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་རིང་ལུགས་ཀྱི་སློབ་གསོ་དང་ཁེ་ཕན་དངོས་གནས་རིང་ལུགས་ཀྱི་སློབ་གསོ་ཐལ་དྲགས་པའི་མཁས་མཆོག་རྫུན་མའི་སློབ་གསོའི་དམིགས་འབེན་ཡིན། རྒྱལ་ཁབ་ཀྱིས་འགན་འཁྲི་འདི་འདྲ་ལེགས་འགྲུབ་བྱས་ཚེ་སློབ་ཆེན་རྩེ་གྲ་ཞིག་རེད། གལ་ཏེ་རྒྱལ་སྤྱིའི་མ་རྩའི་འདོད་བློ་སྔར་བས་ལག་བསྟར་བྱེད་ཐུབ་པ་བྱུང་ཚེ་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཞིག་རེད།
       ང་ཚོས་སྒྲུབ་ཐུབ་པ་ནི་སྔར་བཞིན་རེ་ཐག་ཆད་པའི་ངོ་རྒོལ་ཡིན། པེ་ཅིང་སློབ་ཆེན་གྱི་སློབ་མ་རྣམས་ཀྱིས་“མིག་མདངས་མར་ལ་ཕྱོགས་པ་སྟེ། ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་པ་དང་། དམངས་ཁྲོད་དུ་གཏིང་ཟབ་ཏུ་གཏོང་བ། མི་དམངས་ཀྱི་འཚོ་བ་ངོ་མ་ལ་དེ་བས་དོ་ཁུར་བྱེད་པ་དང་། རང་ཉིད་ཀྱང་མི་དཀྱུས་མ་ངོ་མ་ཞིག་བྱེད་དགོས”་ཞེས་པའི་རེ་བ་བཏོན་པ་དེ་ནི་རང་རྟོགས་ངང་ཕུལ་བྱུང་གི་སློབ་གསོ་རྫུན་མ་འདི་འདྲ་འགོག་རྒོལ་བྱེད་དགོས་པ་ཞིག་རེད། འདི་རུ་བཏོན་པ་ནི་གཞི་ཚུགས་པའི་གནད་དོན་ཞིག་རེད། མི་རྣམས་ཀྱིས་བཤད་པའི་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས(འདི་ནི་དུས་རབས་ཉེར་གཅིག་པའི་ཆེས་གཞི་རྩའི་ཁྱད་ཆོས་རེད)ནང་གཞི་ཚུགས་པའི་གནད་དོན་ནི་གནད་དོན་ཆེན་པོ་ཞིག་རེད། འཛམ་གླིང་གི་ཁྱབ་ཁོངས་ནང་ང་ཚོས་ཀྲུང་གོའི་རང་ཡུལ་དུ་གཞི་ཚུགས་དགོས་པ་དང་། དེ་ནས་གཞི་ནས་འཛམ་གླིང་དུ་གཞི་ཚུགས་ཐུབ་པ་དང་། རྒྱལ་ནང་དུ་ང་ཚོས་དམངས་ཁྲོད་དང་། དམའ་རིམ། མི་སེར་དཀྱུས་མ་བཅས་སུ་གཞི་ཚུགས་དགོས། དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་རྨང་གཞི་ཡིན་ལ། ང་ཚོའི་ཚེ་སྲོག་གི་རྩ་བ་ཡང་ཡིན། “མིག་མདངས་མར་ཕྱོགས་པ”ཟེར་བ་ནི་ཀྲུང་གོའི་ས་གཞིའི་སྟེང་གི་མི་མང་ཆེ་བའི་འཚོ་གནས་གནས་ཚུལ་ལ་དོ་སྣང་བྱས་ཏེ། དོན་དངོས་དང་མཐུན་པའི་སྒོ་ནས་ཁོ་ཚོར་ཁེ་ཕན་དོན་གཉེར་བྱེད་དགོས་པ་སྟེ། དེ་ནི་ང་ཚོ་མི་ཡིན་པའི་རྩ་བ་ཡིན་ལ། དེང་རབས་ཀྱི་ཤེས་ཡོན་ཅན་ཞིག་བྱེད་པའི་རྩ་བ་ཡང་ཡིན། “མི་དཀྱུས་མ་ངོ་མ་ཞིག་བྱེད་དགོས”ཞེས་ནན་བཤད་བྱེད་པ་ནི་ལུའུ་ཞུན་གྱིས་དར་སྤེལ་བྱས་པའི“འདམ་བག”གྱི་སྙིང་སྟོབས་ནན་བཤད་བྱེད་དགོས། གཞོན་ནུ་ཞིག་ཡིན་པའི་ངོས་ནས་ཕུགས་བསམ་མཐོན་པོ་ཡོད་དགོས། “དམག་དཔོན་བྱེད་འདོད་མེད་པའི་དམག་མི་ནི་དམག་མི་བཟང་བོ་གཏན་ནས་མིན”ཞེས་ཟེར་བ་དང་། སེམས་ཁམས་རྒྱུན་ལྡན་ཡིན་དགོས་པ་མ་ཟད། དོན་དག་ཆུང་ཆུང་སྒྲུབ་པར་མི་སྐྲག་པའི་སྙིང་སྟོབས་ཀྱང་ལྡན་དགོས། དེ་ནི་པེ་ཅིང་སློབ་ཆེན་གྱི་སློབ་མ་རྣམས་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན་སྲིད། མི་མང་པོ་ཞིག་གིས་བཤད་པ་ལྟར། པེ་ཅིང་སློབ་ཆེན་གྱི་སློབ་མ་རྣམས་ལ་འབྱུང་སླ་བའི་སྐྱོན་ཆ་ནི། སྤོབས་པ་མཐོ་ཡང་ནུས་པ་ཆུང་བ།མིག་དཔངས་མཐོ་ཡང་འཇོན་ཐང་དམན་པ་དེ་ཡིན། དོན་དངོས་ཐོག་བྱ་བ་ཆུང་ཆུང་བྱེད་མི་འདོད་པ་དང་། མཐོང་ཆུང་བྱེད་པ། སྒྲུབ་མི་ཐུབ་པའི་མིས་ཀྱང་བྱ་བ་ཆེན་པོ་སྒྲུབ་མི་ཐུབ། ང་ཚོས་གོང་དུ་བཤད་པའི་རང་ཚུགས་དང་། རང་དབང་། མཐའ་དཔྱོད། གསར་གཏོད་བཅས་ཀྱི་སྙིང་སྟོབས་ཚང་མ་དོན་དག་ཆུང་ཆུང་རེ་རེ་བཞིན་དུ་དོན་འཁྱོལ་བྱ་དགོས། ང་ཡིས་པེ་ཅིང་སློབ་ཆེན་གྱི་སློབ་མ་རྣམས་ལ་བཅངས་པའི་རེ་སྒུག་འདི་གཉིས་ནི་ཕན་ཚུན་ཁ་གསབ་བྱེད་པ་ཞིག་ཡིན་ཞིང་། དེ་ནི་གོང་དུ་བཤད་པ་སྟེ། “ས་སྟེང་ནམ་མཁའི་སྐར་མར་བལྟ་དགོས”ཞེས་པ་དེ་ཡིན། དེ་ནི“མི”ངོ་མ་ཞིག་གི་གནས་ཡུལ་ཡིན་པ་སྟེ། “མི”ངོ་མ་ཞིག་བྱེད་རྒྱུ་དེ་ཡིན།
       གོང་གསལ་གྱི་སྐད་ཆ་དེ་དག་སྟེ། སློབ་ཆེན་གྱི་སློབ་གསོ་དང་། པེ་ཅིང་སློབ་ཆེན་གྱི་སྲོལ་རྒྱུན། ང་ཡིས་པེ་ཅིང་སློབ་ཆེན་གྱི་སློབ་མ་རྣམས་ལ་བཅངས་པའི་རེ་སྒུག་ཚང་མ་ནི་གང་བྱུང་དུ་བསམ་པ་དང་། གང་བྱུང་དུ་བཤད་པ་རེད། དེ་ནི་དོན་དངོས་དང་མི་མཐུན་པ་དང་དུས་དང་མི་འཚམ་པ་ཞིག་ཡིན་པས། སྐད་ཆ་ཁ་ཤས་ནི་བཀག་སྡོམ་ལས་འགལ་སྲིད། སློབ་གྲོགས་ཚོས་ཀྱང་མོས་མཐུན་བྱེད་པའི་ངེས་པ་མེད། ཡིན་ནའང་ཚང་མ་ང་ཡི་སེམས་ཀྱི་སྐད་ཆ་ཡིན་པས། ཡུན་རིང་ཞིག་ལ་ཁོག་ཏུ་བཅུག་ནས་ཡོད།འདི་ནི་ང་ཡིས་པེ་ཅིང་སློབ་ཆེན་ལ“གྱེས་ཚིག”ཅིག་ཏུ་བརྩི་རྒྱུ་ཡིན་ལ། “གཏམ་བརྗོད”ཅེས་བཤད་ནའང་ཆོག དེ་ལྟར་བཤད་པ་ནི“གན་འཛིན་དཔང་ཉར”ཞེས་པའི་ཐོག་ནས་གནམ་འོག་གཅིག་གྱུར་ཡོང་བ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་པ་དང་། ནམ་ཡང་སྐད་ཆ་མི་འདྲ་བ་ཡོད་པ་མཚོན་གྱིན་ཡོད། བཤད་ཚར་རྗེས། ང་ཡི་ལས་འགན་འགྲུབ་སོང་བ་ཡིན།
       ཞིབ་འཇུག་སློབ་མ་དང་ང་ཡི་ཁང་ཆུང་དེའི(ལོ་རབས80པ)ནང་དུ།
       ད་དུང་དུས་ཚོད་ཅུང་ཙམ་ཡོད། གནད་དོན་གཉིས་པ་བཤད་རྒྱུ་སྟེ། ང་དང་པེ་ཅིང་སློབ་ཆེན་བར་གྱི་འབྲེལ་བ་ཡིན།
       ང་ནི1956ལོར་པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་གསར་འགྱུར་ཆེད་ལས་ལ་རྒྱུགས་འཕྲོད་པ་ཡིན། ལོ་དེར་ང་རང་ལོ་བཅུ་བདུན་ལ་སླེབས་པ་དང་ད་ལྟའི་བར་ལོ་བཞི་བཅུ་ཞེ་དྲུག་ཕྱིན་ཡོད། ལོ་རིམ་གཉིས་པར་སླེབས་རྗེས། ང་ཚོའི་གསར་འགྱུར་ཆེད་ལས་དང་མི་དམངས་སློབ་ཆེན་གྱི་གསར་འགྱུར་ཚན་ཁག་ཟླ་སྒྲིལ་བྱས་པས། 1958ལོར་ང་རང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རུ་བདམས། ང་ནི་མི་དམངས་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཡིན་མོད། འོན་ཀྱང་ང་ཡིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ནི་པེ་ཅིང་སློབ་ཆེན་གྱི་སློབ་མ་ཡིན་པའི་ཚོར་བ་སྐྱེས། སློབ་ཆེན་མཐར་ཕྱིན་རྗེས། ཀུའེ་ཀྲོའུ་ཨན་ཧྲུན་གྱི་འཕྲོད་བསྟེན་སློབ་གྲྭ་ཞིག་ཏུ་བགོས་ནས་སྐད་ཡིག་སློབ་ཁྲིད་བྱས། ལས་ཞོར་གྱི་དུས་ཚོད་ནང་ལུའུ་ཞུན་ཀློག་པ་དང་། ལྷག་པར་དུ་“རིག་གནས་གསར་བརྗེ་ཆེན་པོའི”་དུས་སྐབས་སུ་ལུའུ་ཞུན་བཀླགས་པས། རང་ཉིད་ཀྱི་བསམ་ཚུལ་འགའ་ཞིག་བྱུང་བ་སྟེ། བསམ་ཚུལ་དང་པོ་ནི་པེ་ཅིང་སློབ་ཆེན་གྱི་གཏམ་བཤད་སྟེགས་བུའི་སྟེང་ནས་སློབ་མ་ཚོར་“ང་ཡི་ལུའུ་ཞུན་གྱི་ལྟ་བ”་བཤད་རྒྱུ་དེ་ཡིན། ཕུགས་འདུན་འདི་འདྲ་ཞིག་གིས་ང་རང་ཀུའེ་ཀྲོའུ་ནས་ལོ་ངོ་བཅོ་བརྒྱད་རིང་གི་དཀའ་ཚེགས་ཆེ་བའི་ལོ་ཟླ་བསྐྱལ་བར་རྒྱབ་སྐྱོར་བྱས་ཡོད། 1978ལོར། ང་རང་པེ་ཅིང་སློབ་ཆེན་དང་ཁ་བྲལ་ནས་ལོ་ཉི་ཤུ་སོང་རྗེས། ང་རང་རིག་གནས་གསར་བརྗེའི་རྗེས་ཀྱི་ཞིབ་འཇུག་སློབ་མ་ཁག་དང་པོ་ཡིན་པའི་ངོས་ནས་པེ་ཅིང་སློབ་ཆེན་དུ་ལོག་ཡོད། 1989ལོར་སློབ་གྲྭར་བསྡད་ནས་དགེ་རྒན་བྱས་པས། ང་ཡི་ཕུགས་བསམ་མངོན་འགྱུར་བྱུང་མོད། འོན་ཀྱང་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་སླེབས་རྗེས། ཀྲུང་གོའི་ཤེས་ཡོན་ལས་རིགས་ཧྲིལ་པོ་དངངས་སྐྲག་གིས་གདམ་ག་གསར་བ་ཞིག་གི་མདུན་དུ་ལྷགས་ཡོད། སྐབས་དེར་ང་ཡིས་རང་ཉིད་ཀྱི་གདམ་གསེས་ཆེན་པོ་གསུམ་ཁྱབ་བསྒྲགས་བྱས་པ་སྟེ། “ཁ་མི་བྲལ་བ་གསུམ”་ཞེས་བཤད། དང་པོ། ཀྲུང་གོ་ནས་ཁ་མ་བྲལ་བ། རང་ཡུལ་འདི་ཡིས་ཁྱོད་ལ་ཅི་འདྲ་ཞིག་བློ་ཕམ་དུ་བཅུག་རུང་ང་ཡང་འདིར་བསྡད་ནས་ཚང་མ་དང་མཉམ་དུ་དཀའ་ངལ་མཉམ་རོལ་བྱ་དགོས། གཉིས་པ། པེ་ཅིང་སློབ་ཆེན་དང་ཁ་མི་བྲལ་བ། པེ་ཅིང་སློབ་ཆེན་དང་ཁ་མི་བྲལ་བའི་སློབ་མ་དེ་ནི་ང་ཡི་གནས་གཞི་དང་ང་ཡི་བསམ་པའི་གཞིས་ཁྱིམ་ཡིན། གསུམ་པ། ཀྲུང་གོའི་དེང་རབས་རྩོམ་རིག་ཞིབ་འཇུག་དང་ལྷག་པར་དུ་ལུའུ་ཞུན་གྱི་ཞིབ་འཇུག་དང་ཁ་མི་བྲལ་བ་དེ་ནི་ང་ཡི་གཡུལ་ས་ཡིན། འདི་ཡང་ང་ཡི་བརྟན་སྲུང་གསུམ་ལ་བརྩིས་ཆོག
       ཏག་ཏག་བརྟན་སྲུང་ཆེན་པོ་གསུམ་གྱིས་ང་རང་དཀའ་ཚེགས་ཆེ་ཤོས་ཀྱི་ཉིན་མོ་དེ་ཉིད་བརྒྱུད་པར་འདེགས་སྐྱོར་བྱས་ནས་ལམ་བར་དུ་རྒྱུན་འཁྱོངས་བྱས་པས་ད་ཆ་ང་རང་པེ་ཅིང་སློབ་ཆེན་གྱི་གཏམ་བཤད་སྟེགས་བུ་ནས་ཁ་བྲལ་རྒྱུ་དེ་ཡིན། ལོ་ངོ་ཉེར་གཅིག་གི་པེ་ཅིང་སློབ་ཆེན་གྱི་སློབ་ཁྲིད་འཚོ་བའི་ཁྲོད་དེང་རབས་རྩོམ་རིག་བཤད་པ་ཕུད། གཙོ་བོ་ལུའུ་ཞུན་གྱི་སྐོར་ནས་བཤད་པ་ཡིན། ང་ཡིས1985ལོ་ནས་བཟུང་རིམ་པ81པའི་སློབ་མར་ལུའུ་ཞུན་གྱི་སྐོར་ནས་ད་ལྟའི་བར་དུ་བཤད་ཡོད། དེ་ནི་པེ་ཅིང་སློབ་ཆེན་ལ་སྐབས་ཉེར་གཅིག་གི་སློབ་མ་ཡོད་པ་དང་། པེ་ཅིང་སློབ་ཆེན་གྱི་མི་རབས་ཁ་ཤས་ཀྱིས་ང་ཡིས་ལུའུ་ཞུན་སྐོར་བཤད་པ་ཐོས་མྱོང་། དེ་ནི་ང་ཡི་པེ་ཅིང་སློབ་ཆེན་གྱི་སློབ་ཁྲིད་ལོ་རྒྱུས་ཁྲོད་ཀྱི་གཟི་བརྗིད་ཆེ་ཤོས་དང་སྤོབས་པ་ཆེ་ཤོས་ཡིན། «སེམས་ཀྱི་ཚོལ་ཞིག»(འདི་ནི་ང་ཡིས་པེ་ཅིན་སློབ་ཆེན་གྱི་སློབ་མར་ལུའུ་ཞུན་གྱི་གཏམ་བཤད་ཐེངས་དང་པོ་བཤད་པ་ཡིན།)བསྐྱར་དཔར་གྱི་འགོ་བརྗོད་ནང་དུ་ང་ཡིས་འདི་ལྟར་བྲིས་ཡོད་དེ། དེ་ནི་བསྟུད་མར་ལོ་ངོ་བཅུ་ཙམ་རིང་གི“འཕར་འགྲིབ་ཡོད་ཀྱང་སེམས་ཀྱི་སྤེལ་རེས་དང་བསམ་པའི་སྐད་ཆ་ཤོད་རེས”ཤིག་རེད། ལོ་ངོ་བཅུ་ཙམ་རིང“ཕྱི་རོལ་གྱི་འཇིག་རྟེན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཞིག་བྱུང་བ་དང་། པེ་ཅིང་སློབ་ཆེན་འདིར། འོན་ཀྱང་ངོ་མཚར་ཆེ་བའི་སྒོ་ནས་སེམས་ཀྱི་དོན་གཉེར་དང་སྙིང་སྟོབས་བརྒྱུད་སྤྲོད་རྒྱུན་འཁྱོངས་བྱས་ཏེ། དེ་ཡི་བར་དུ་འབྲེལ་མཐུད་བྱས་པ་ནི་ལུའུ་ཞུན་སོགས་སྔོན་བྱོན་པ་ཚོས་གསར་གཏོད་བྱས་པའི་‘པེ་ཅིང་སློབ་ཆེན་གྱི་སྲོལ་རྒྱུན’རེད། ང་ལ“ཡིད་ཆེས་བརྟན་པོ”གསུམ་བྱུང་བ་སྟེ། “ལུའུ་ཞུན་གྱི་སྟོབས་ཤུགས་ལ་ཡིད་ཆེས་བརྟན་པོ་བྱེད་དགོས། ཁོང་ནི་དེང་རབས་ཀྲུང་གོ་དང་འཛམ་གླིང་དུ་གསོན་པོར་གནས་ཡོད། ”པེ་ཅིང“གི་སྟོབས་ཤུགས་ལ་ཡིད་ཆེས་བརྟན་པོ་ཡོད་པ་སྟེ། བར་ཆད་གང་འདྲ་ཞིག་བརྒྱུད་ཀྱང་དེ་ནི་ནམ་ཡང་ཀྲུང་གོའི་བསམ་པའི་གནས་མཆོག་ཡིན། ”བསམ་པའི་སྟོབས་ཤུགས་དང་མི་གཤིས་ཀྱི་སྟོབས་ཤུགས་ལ་ཡིད་ཆེས་བརྟན་པོ་བྱེད་པ།“ མི་ནི་ནམ་ཡང་དངོས་པོ་ལས་བརྒལ་བའི་བསམ་པའི་དོན་གཉེར་ཡོད་དགོས།” མཇུག་ཏུ་ང་ཡིས་བཤད་རྒྱུར། དེ་ནི“པེ་ཅིང་སློབ་ཆེན་གྱི་སློབ་མས་ང་ལ་བློ་སྒོ་ཕྱེ་བའི་དད་སེམས་འདི་འདྲ་ཞིག”ཡིན་པས། ང་ཡིས་ནམ་ཡང་པེ་ཅིང་སློབ་ཆེན་གྱི་སློབ་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། པེ་ཅིང་སློབ་ཆེན་གྱི་འཆད་སྟེགས་ནམ་ཡང་དྲན་རྒྱུ་ཡིན།
       ལོ་བཞིའི་སྔོན་ལ། ང་ཡིས་རང་ཉིད་ཀྱི་ལོ་ངོ་དྲུག་ཅུ་རིང་གི་མི་ཚེའི་འགྲུལ་བཞུད་ལ་ཕྱོགས་བསྡོམས་འདི་འདྲ་ཞིག་བྱས་པ་སྟེ། “ང་ཡི་ཚེ་སྲོག་ནི་འདི་ལྟར་བར་སྟོང་གཉིས་ཡོད་པ་སྟེ། ཀུའེ་ཀྲོའུ་དང་པེ་ཅིང་སློབ་ཆེན། ཚོགས་པ་ཞིག་སྟེ། ཀྲུང་གོའི་གཞོན་ནུ་རྣམས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་བཙུགས་པ་དང་། རྗེས་མ་དང་འབྲེལ་བ་བྱེད་པའི་འབྲེལ་ཐག་གཙོ་བོ་ནི་ལུའུ་ཞུན་ཡིན། དེ་ལས་ང་ཡི་ཚེ་སྲོག་ཁྲོད་ཀྱི་བརྩེ་དུང་ཆེན་པོ་བཞི་གྲུབ་པ་སྟེ། མི་ཚེ་ལམ་བུའི་འདེགས་སྐྱོར་དང་། བསམ་པའི་རྒྱབ་སྐྱོར། བསམ་བློ། འཆར་ཡན། བསམ་པའི་བཀོད་ཤུགས་བཅས་ཀྱི་འབྱུང་ཁུངས། རིག་གཞུང་གི་འགོ་ཚུགས་ས་དང་ཁོངས་གཏོགས་ཚང་མ་དེ་ཡི་ནང་དུ་འདུས་ནས་ཡོད། ང་ཡི་རྩོམ་ཡིག་གཞན་ཞིག་གི་ནང་དུ“ང་ཡི་བསམ་པའི་རྟེན་གཞི་གཉིས་ཡོད་པ་སྟེ། གཅིག་ནི་མི་རྣམས་ཀྱིས་“བསམ་པའི་ལྷ་ཁང”ཞེས་འབོད་པའི་པེ་ཅིང་སློབ་ཆེན་དང་། གཅིག་ནི་ཀྲུང་གོའི་རྗེས་ལུས་དང་ཐག་རིང་ས་ཁུལ་དུ་གནས་པའི་ཀུའེ་ཀྲོའུ་ཨན་ཧྲུན་ཡིན”་ཞེས་གསུངས་ཡོད། ངས་དེ་ནི“སྤྱི་ཚོགས་ཀྱི་རྩེ་གྲ་དང་དམའ་རིམ། སློབ་གླིང་དང་དམངས་ཁྲོད་བཅས་དང་བསམ་པའི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་པའི་ཁྲོད་ཕན་པ་ཐོབ་ཀྱིན་ཡོད། དེ་ནི་ང་ཡི་མི་ཚེའི་བཤུལ་ལམ་དང་སློབ་གཉེར་གྱི་ལམ་བུའི་གཞི་རྩའི་ཉམས་མྱོང་ཞིག་ཡིན་ཤས་ཆེ།
       དེའི་རྐྱེན་གྱིས་ང་ཡིས་རྒྱུན་དུ་ཨའེ་ཆིང་གི་སྙན་ངག“ཅིའི་ཕྱིར་ང་ཡི་མིག་ནང་ནས་རྒྱུན་དུ་མིག་ཆུ་བཞུར་དགོས། རྒྱུ་མཚན་ནི་ང་རང་ས་ཆ་འདི་རུ་ཧ་ཅང་དགའ་བའི་རྐྱེན་གྱིས་ཡིན”་ཞེས་ཀློག་གིན་ཡོད། ང་རང་དངོས་གནས་པེ་ཅིང་སློབ་ཆེན་ལ་ཧ་ཅང་དགའ་ལ། ཀུའེ་ཀྲོའུ་ལའང་ཧ་ཅང་དགའ།
       འོན་ཀྱང་ལོ་ངོ་འདི་དག་གི་རིང་ང་རང་གློ་བུར་དུ་པེ་ཅིང་སློབ་ཆེན་གྱི་རྩོད་གླེང་ཆེ་ཤོས་ཀྱི་མི་སྣར་གྱུར། མི་མང་པོ་ཞིག་ནི་ང་ལ་དགའ་བ་སྟེ། གཙོ་བོ་སློབ་མ་ཡིན། ཁོ་ཚོས་ང་ནི1999ལོའི“སློབ་མའི་དགའ་བསུ་ཆེ་ཤོས་ཐོབ་པའི་དགེ་རྒན་བཅུ་བའི”ཨང་དང་པོར་བདམས་མྱོང་ཡོད། གཅིག་བྱས་ན་དེ་ལྟར་ཡིན་པའི་དབང་གིས་མི་ཁ་ཤས་དང་སྡེ་ཁག་ཁ་ཤས་ཀྱིས་དོགས་ཟོན་དང་དོ་ཁུར་བྱས་པས། སྟོབས་ཤུགས་ཤིག་གིས་ང་རང་པེ་ཅིང་སློབ་ཆེན་ནས་ཕྱིར་འབུད་འདོད་པ་རེད། དེ་འདྲ་བྱུང་བའི་རྒྱུ་མཚན་ནི་པེ་ཅིང་སློབ་ཆེན་ལོ་འཁོར་བརྒྱ་ལོན་པའི་དུས་ཆེན་གྱི་སྔ་གཞུག་ནས་བཟུང་ང་ཡིས་པེ་ཅིང་སློབ་ཆེན་དང་ཀྲུང་གོའི་སློབ་གསོར་རྒྱུན་ཆད་མེད་པར་མཐའ་དཔྱོད་སྤེལ་བའི་སྐད་ཆ་བསྒྲགས། དེའི་རྒྱུ་མཚན་ནི་ང་རང་པེ་ཅིང་སློབ་ཆེན་ལ་ཧ་ཅང་དགའ་ཞིང་། བརྩེ་དུང་ཅི་ཙམ་ཟབ་ན་གཤེ་གཤེ་དེ་ཙམ་གྱིས་ཚབས་ཆེ་བའི་རྐྱེན་གྱིས་རེད། དོན་དངོས་ཐོག་ང་ཡི་མཐའ་དཔྱོད་དང་གཤེ་གཤེ་ནི་ང་ཡི་ཆེས་མཇུག་མཐའི་སློབ་ཚན་ཐེངས་གྲངས་ཁ་ཤས་སུ་བཤད་པའི་ནང་དོན་ཡིན་ལ། རང་ཉིད་ཀྱི་ལྟ་ཚུལ་དང་བསམ་ཚུལ་མི་འདྲ་བ་འགའ་ཡོད་པ་ཙམ་རེད། འོན་ཀྱང་མི་ལ་ལའི་ངོས་ནས་བལྟས་ན། ང་ཡིས་ད་ལྟའི་བར་དུ་ད་དུང་འདི་རུ་པེ་ཅིང་སློབ་ཆེན་ལ་གཤེ་གཤེ་གཏོང་ངེས། ང་ཡི་གཏམ་བཤད་དང་རྩོམ་འབྲི་ནི“འཆམ་མཐུན་མིན་པའི་སྐད་སྒྲར”གྱུར་པས་ངེས་པར་དུ་མེད་པར་གཏོང་དགོས། དེ་ནི་པེ་ཅིང་སློབ་ཆེན་གྱི་སློབ་མ་དང་དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོའི་རྒྱབ་སྐྱོར་མེད་ན། མཐོ་ཤོས་ཀྱི་དབང་འཛིན་ལས་ཁུངས་དེ་འདྲ་ཞིག་གིས་མིང་བཏགས་པ་དང་། རྒྱལ་ཡོངས་ཁྱབ་ཁོངས་སུ་མཐའ་དཔྱོད་ཆེན་པོ་དང་གཤེ་གཤེ་ཆེན་པོ་གཏོང་བའི་གནས་བབ་འོག ང་རང་ཕྱིར་འབུད་མ་བྱས་པར་ད་དུང་སློབ་ཁྲིད་བྱེད་བཞིན་ཡོད། གྲོགས་པོ་མང་པོ་ཞིག་གིས་ང་ལ་བཤད་རྒྱུར། གལ་ཏེ་ཁྱོད་རང་པེ་ཅིང་སློབ་ཆེན་དུ་མེད་ན། རྒྱལ་ཡོངས་ཀྱི་སློབ་ཆེན་གང་ཞིག་ཡིན་རུང་། ཁྱོད་རང་སྔ་མོ་ནས་རྩ་མེད་དུ་གཏོང་རྒྱུ་རེད། འདི་ལ་ང་རང་ཡིད་ཆེས་བརྟན་པོ་ཡོད། “ཕོ་རྒོད་ཡིན་མིན་གཡུལ་སར་ཞུགས་ན་ཤེས ”དེ་ནི་པེ་ཅིང་སློབ་ཆེན་རེད། ང་རང་བཀག་སྡོམ་བྱས་རྗེས། པེ་ཅིང་སློབ་ཆེན་གྱི་འཆད་སྟེགས་དེ་ཉིད་བསམ་པའི་བར་སྟོང་འབའ་ཞིག་དང་སྐད་ཆ་བཤད་ཐུབ་པའི་ས་ཆ་འབའ་ཞིག་ཏུ་གྱུར་ཡོད། ཐ་ན་དེ་རིང་ང་ཡིས་ད་དུང་འདི་རུ་རང་ཉིད་ཀྱི་སྐད་ཆ་བཤད། མི་འགའ་ཞིག་གིས་ཉན་འདོད་མེད་པའི་སྐད་ཆ་མུ་མཐུད་དུ་འཆད་བཞིན་ཡོད། དགེ་རྒན་དང་སློབ་གྲོགས་ཚོས་ལོ་ཤས་རིང་ང་ཡི་སྙིང་སྟོབས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཕུད། ང་ཡིས་ད་དུང་པེ་ཅིང་སློབ་ཆེན་གྱི་སྲོལ་རྒྱུན་གྱི་སྟོབས་ཤུགས་དང་པེ་ཅིང་སློབ་ཆེན་གྱི་སྙིང་སྟོབས་ཀྱི་སྟོབས་ཤུགས་ཚོར་བྱུང་།
       ངས་ཀྱང་སྔོན་ཆད་པེ་ཅིན་སློབ་ཆེན་དུ་མི་སྣ་ཅི་ཞིག་འཁྲབ་པར་བསམ་བློ་བཏང་ཡོད། ང་ཡིས་སྔོན་ཆད་བཤད་མྱོང་། ཡན་ཡོན་ལ་ནགས་ཚལ་མང་པོ་ཡོད་པ་དང་། བྱ་རིགས་སྣ་ཚོགས་ཡོད་པས། ང་ནི་ཕལ་ཆེར་ཁོག་པ་ཞིག་དང་། པེ་ཅིན་སློབ་ཆེན་གྱི་ཁོག་པ་ཞིག་ཡིན། ང་ཡིས་བཤད་རྒྱུར། པེ་ཅིང་སློབ་ཆེན་ནི་ཁོག་རྭ་ཡིན་ནའང་མི་ཆོག་ལ། ཁྲ་རོ་ཡིན་ནའང་མི་ཆོག་གོ། རིག་གཞུང་དང་སློབ་གསོའི་སྣོད་བཅུད་དོ་མཉམ་ཡོང་བར་བྱ་རིགས་སྣ་ཚོགས་དགོས། འདི་ལ“ཀུན་འདུས་མཉམ་འདུས”ཟེར། ང་ཡི་རེ་བ་ནི་པེ་ཅིང་སློབ་ཆེན་གྱི་སྣོད་བཅུད་ཁོར་ཡུག་ཆེན་པོའི་ཁྲོད་དུ་རང་ཉིད་ཀྱི་རང་ཚུགས་ཀྱི་རང་གཤིས་ལྡན་པའི་ཐུན་མོང་མ་ཡིན་པའི་གནས་ས་ཞིག་ཏུ་གྱུར་ན་འདོད། ང་ཡིས་གཏན་ནས་རང་ཉིད་ཀྱི་མི་ཚེའི་བཤུལ་ལམ་དང་། སློབ་གཉེར་གྱི་བཤུལ་ལམ། རང་ཉིད་ཀྱི་བསམ་བློའི་ལྟ་བ་བཅས་སློབ་མར་བཙན་འགེལ་བྱེད་རྩིས་མེད། ང་རང་སློབ་མར་བཤད་རྒྱུར་དགའ་ཤོས་ཀྱི་སྐད་ཆ་ནི“ང་ཡི་ཨ་ནེས་གང་བྱུང་དུ་བཤད་པ་དང་ཁྱེད་ཚོས་གང་བྱུང་དུ་ཉན་གྱིན་ཡོད”པ་དེ་ཡིན། སློབ་ཚན་འདི་ཡི་མགོ་བརྩམས་པར། ང་ཡིས་ཀྱང་འདི་ལྟར་བཤད་པ་ཡིན། ང་ཡི་རེ་བ་ནི་རང་ཉིད་ཀྱི་སློབ་ཁྲིད་བརྒྱུད་ནས་རང་ཉིད་ཀྱི་ཚེ་སྲོག་གནས་པ་མངོན་པ་དང་། སློབ་མར་མི་ནི་ད་དུང་འདི་ལྟར་གནས་ཆོག་ཅེས་བཤད་རྒྱུ་དེ་ཡིན། སློབ་གྲོགས་ཚོར་གཅིག་བྱས་ན་འདི་ལྟ་བུའི་གནས་པའི་ཁྲོད་ནས་བློ་སྒོ་ངེས་ཅན་ཞིག་འབྱུང་སྲིད་པའམ་ཡང་ན་ཚོར་བ་སྤུ་ཙམ་ཡང་འབྱུང་མི་སྲིད། ཡང་ན་སླད་ཕྱིན་གྱི་སྐད་ཅིག་མའི་ནང་དུའང་། པེ་ཅིང་སློབ་ཆེན་གྱི་ཚེ་སྲོག་གི་བརྒྱུད་རིམ་ཁྲོད་ད་དུང་ཚེ་སྲོག་གི་མི་སྒེར་འདི་འདྲ་ཞིག་ལ་འཕྲད་མྱོང་བ་ཕྱིར་དྲན་རེ་བྱས་ན། སྔ་མོ་ནས་བརྗེད་ཀྱང་སྲིད། དེ་ལ་སྐྱོན་མེད། རང་ཉིད་ཀྱི་ཚེ་སྲོག་དང་པེ་ཅིན་སློབ་ཆེན་གྱི་ཚེ་སྲོག་བར་འབྲེལ་བ་ཡོད་ན་འགྲིག ང་ཡིས་འདི་ལྟ་བུའི་འབྲེལ་བ་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་མོད། འོན་ཀྱང་ལོ་ཤས་རིང་ང་རང་པེ་ཅིང་སློབ་ཆེན་ལ་སྔར་བས་བློ་ཕམ་བྱུང་ཞེས་གསང་རྒྱུ་མེད། མ་ཟད། རང་ཉིད་པེ་ཅིང་སློབ་ཆེན་དུ་འཚོ་གནས་བྱེད་པར་མི་འཚམ་པ་འདྲ། ང་རང་ཕལ་ཆེར་འགྲོ་རན་པའི་དུས་རེད།
       ཉིན་གཉིས་ཀྱི་གོང་རོལ་དུ། ང་རང་ཀུའེ་ཀྲོའུ་རུ་སོང་ནས་ཀུའེ་ཀྲོའུ་དགེ་འོས་སློབ་གླིང་གི་སློབ་མ་དང་ཐུག་འཕྲད་བྱེད་སྐབས། ཁོང་ཚོས་བཏོན་པའི་གནད་དོན་དང་པོ་ནི“པེ་ཅིན་སློབ་ཆེན་ལ་ཅི་ཞིག་བྱུང་སོང་ངམ། ཁྱོད་ཀྱིས་ཇི་ལྟར་བལྟ”་ཞེས་པ་དེ་རེད། སྐབས་དེར་ང་རང་དངོས་གནས་གཡོ་འགུལ་ཆེན་པོ་ཐེབས་ཡོད། ང་ཡིས་ཐོག་མར་དྲན་པ་ནི། པེ་ཅིང་སློབ་ཆེན་ལོ་བརྒྱ་ལོན་པའི་རྟེན་འབྲེལ་གྱི་སྐབས་སུ་ཀུའེ་ཀྲོའུ་ཨན་ཧྲུན་གྱི་ཚགས་པར་ཆུང་ཆུང་ཞིག་གི་སྟེང་དུ་པེ་ཅིང་སློབ་ཆེན་ལ་བློ་ཕམ་པའི་རྩོམ་ཡིག་ཅིག་ཡོད་པ་སྟེ། “དར་སྲོལ་གསར་གཏོད་བྱས་པའི་པེ་ཅིང་སློབ་ཆེན་ལ་དེ་རིང་གི«གཞོན་ནུ་གསར་བ»མེད་པའི་རྒྱུ་མཚན་ཅི་ཡིན་ནམ། ཐག་རིང་གི་གྲོང་རྡལ་ཆུང་ཆུང་གི་དཔེ་ཚོང་ཁང་དུ་མི་རྣམས་ཀྱིས་མཐོང་བ་ནི«དཔེ་ཀློག» «ལྷོ་ཕྱོགས་ཀྱི་གཟའ་མཇུག» «རྩོམ་ཡིག་རྩག་རྩིག་ཚགས་པར»ཡིན། པེ་ཅིང་སློབ་ཆེན་ནས་ཡོང་བའི་སྐད་ནི་ཅི་ཞིག་ཡིན། “ཁོང་ཡངས་མཉམ་འདུས་བྱེད་ཕོད་པའི་པེ་ཅིན་སློབ་ཆེན་ལ་རྗེས་སུ་ཁྱོད་ཀྱིས་ཁོང་ཡངས་བྱེད་པའི་སྐད་ཆ་ཇེ་ཉུང་དུ་འགྲོ་དོན་ཅི་ཡིན།” ང་ཡིས་གློ་བུར་དུ་ཤེས་རྟོགས་བྱུང་བ་ནི། ཀྲུང་གོ་བསམ་པའི་དོན་གཉེར་ཅན་གྱི་མི་མང་པོ་ཞིག་དང་། ད་དུང་བསམ་པའི་རང་བཙན་དང་རང་དབང་གི་གཞོན་ནུ་རྣམས་ལ་ཡིད་སྨོན་བྱེད་བཞིན་ཡོད། ཁོ་ཚོའི་མིག་ཟུང་གིས་པེ་ཅིང་སློབ་ཆེན་ལ་བལྟས་ཡོད། ཁོ་ཚོས་སྔར་བཞིན་པེ་ཅིང་སློབ་ཆེན་དེ“བསམ་པའི་འཁྱམ་པོ་རྣམས་ཀྱི་སེམས་པའི་གནས་མཆོག”ཅིག་དང“བསམ་པའི་བཙན་རྫོང་མཐའ་མ་ཞིག”ཏུ་རྩི་བཞིན་ཡོད།
       ལོ་ངོ་འདི་དག་རིང་ལ། ང་ཡིས་པེ་ཅིང་སློབ་ཆེན་ཕུད་པའི་གཞོན་ནུ་མང་པོ་ཞིག་དང་འཕྲིན་གཏོང་བྱས་ནས་གཞོན་ནུ་དེ་དག་གི་སེམས་པར་པེ་ཅིང་སློབ་ཆེན་གྱི་གོ་གནས་དང་ལྗིད་ཚད་ཟབ་མོ་ཚོར་བྱུང་། དེ་ནི་ལྷ་སྒྲུང་ཞིག་ཡིན་པ་ང་ཡིས་ལོས་ཤེས། ང་ཡིས་འཕྲིན་ལན་འབྲི་བའི་ལས་འགན་ཧ་ཅང་ཆེན་པོ་ཞིག་ནི་དེ་ཉིད་གཏོར་རྒྱུ་དེ་ཡིན། འོན་ཀྱང་ང་ཡིས་མི་རིགས་ཤིག་དང་ལྷག་པར་དུ་ཆབ་སྲིད་དང་དཔལ་འབྱོར་གྱི་སོམ་ཉིའི་དྲ་བར་ཚུད་པའི་མི་རིགས་ནི་བལྟོས་བཅས་ལས་བརྒལ་བའི་དྭངས་གཙང་གི་ཕྱོགས་ཤིག་དགོས་པ་དང་། མི་རིགས་ཤིག་གི་གཞོན་ནུ་ཞིག་ལ་གལ་ཏེ་རྨི་ལམ་ཤོར་ནས་རྨི་ལམ་ཡང་རྨིས་ལམ་མ་ཐུབ་ན། དེ་ནི་ཧ་ཅང་ཡིད་སྐྱོ་བ་དང་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད། པེ་ཅིང་སློབ་ཆེན་གྱི་མཚོན་པའི་གཞོན་ནུ་འདི་འདྲའི་མང་པོ་ཞིག་ལ་བློ་ཕམ་པ་ཤེས་སྐབས། ང་ཡིས་གློ་བུར་དུ་རང་ཉིད་ཀྱིས་འཁུར་དགོས་པའི་འགན་འཁྲི་ཚོར་བྱུང་། རྒྱུ་མཚན་ནི་ང་ནི་པེ་ཅིང་སློབ་ཆེན་གྱི་ཁོངས་མི་ཞིག་ཡིན་པས། པེ་ཅིང་སློབ་ཆེན་གྱི་གནད་དོན་ནི་ང་དང་འབྲེལ་བ་ཡོད། དྲང་བདེན་གྱིས་བཤད་རྒྱུ་ཞིག་ནི། སྔོན་ཆད་ང་ཡིས་པེ་ཅིང་སློབ་ཆེན་ནང་ཁུལ་དུ་པེ་ཅིང་སློབ་ཆེན་ལ་སྐྱོན་བརྗོད་བྱེད་སྐབས་རང་ཉིད་དང་འབྲེལ་བ་ཧ་ཅང་ཉུང་མོད། ད་ལྟ་པེ་ཅིང་སློབ་ཆེན་ཕྱི་རོལ་གྱི་གཞོན་ནུ་ཚོས་སྐྱོན་བརྗོད་བྱེད་པའི་སྐད་ཆ་དང་བློ་ཕམ་པའི་སྐད་ཆ་ཐོས་རྗེས། ང་དང་པེ་ཅིང་སློབ་ཆེན་གཉིས་ཀ་དུས་མཉམ་ངང་འདྲི་གཅོད་བྱ་ཡུལ་གྱི་སྟེགས་བུའི་ཐོག་ལངས་པས། ང་ཚོས་མི་རིགས་ཀྱི་རེ་བ་དང་ཀྲུང་གོའི་གཞོན་ནུ་ཚོའི་རེ་བ་སྟོང་ཟད་དུ་བཏང་ཡོད། ང་ཡིས་ཐེ་ཚོམ་མེད་པར་ཀུའེ་ཀྲོའུ་ཡི་སློབ་ཆེན་སློབ་མར་ང་ཡི་འགྱོད་སེམས་བསྟན་པ་དང་དུས་མཚུངས་སུ་པེ་ཅིང་སློབ་ཆེན་ནི་སྲོལ་རྒྱུན་ལྡན་པའི་སློབ་གྲྭ་ཞིག་ཡིན་པས་པེ་ཅིང་སློབ་ཆེན་གྱིས་གསར་གཏོད་བྱས་པའི་བསམ་པའི་རང་ཚུགས་དང་རང་དབང་གི་སྲོལ་རྒྱུན་ནི་མི་རབས་ནས་མི་རབས་བར་བྱེད་སྟངས་མི་འདྲ་བའི་ཐོག་ནས་རྒྱུན་མཐུད་བྱ་ཐུབ་པར་ཚང་མས་ཡིད་ཆེས་གནང་རོགས། སྐབས་དེར་ང་ཡིས་ཐག་བཅད་པ་ཞིག་སྟེ། ཀུའེ་ཀྲོའུ་ཡི་སློབ་གྲོགས་ཚོས་པེ་ཅིང་སློབ་ཆེན་ལ་དོ་ཁུར་དང་བློ་ཕམ་བྱེད་པ་དང་། དེ་བཞིན་ང་ལ་ཐེབས་པའི་ཧང་སངས་པའི་པེ་ཅིང་སློབ་ཆེན་གྱི་སློབ་གྲོགས་ལ་དེ་རིང་ང་ཡིས་བཤད་རྒྱུ་ཡིན་ཞེས་བརྗོད་དགོས།
       ད་ལྟ། ང་རང་པེ་ཅིན་སློབ་ཆེན་གྱི་སློབ་ཁྲིད་དང་འཆད་སྟེགས་ནས་ཁ་བྲལ་རྒྱུ་ཡིན། འདི་ཡིས་པེ་ཅིང་སློབ་ཆེན་དང་ལས་འབྲེལ་མཇུག་རྫོགས་པ་དང་། སློབ་ཚན་དང་ལས་འབྲེལ་མཇུག་རྫོགས་པ། རང་ཉིད་ཀྱི་ཚེ་སྲོག་གི“ཤི་བ”བཅས་མཚོན་ཡོད།
       འོན་ཀྱང་ང་ཡི་ཚེ་སྲོག་གི་གསོན་ཤུགས་ད་དུང་ཡོད་པས། ཚེ་སྲོག་གསར་བ་ཞིག་ཀྱང་མཇུག་སྒྲིལ་བ་དང་ཤི་བའི་སྐད་ཅིག་མ་འདི་ནས་མགོ་བརྩམ་དགོས།
       སློབ་གྲོགས་ཤིག་གིས་ང་ལ། དགེ་རྒན་ལགས། རྒན་ཡོལ་བྱས་རྗེས་ཁྱོད་རང་གང་དུ་འགྲོ་ཞེས་དྲིས།
       ང་ཡིས་ལན་ནི། ཁྱིམ་དུ་ལོག་ནས་ང་ཡི་ཞིབ་འཇུག་གསར་བ་དང་བརྩམས་ཆོས་གསར་བ་མགོ་རྩོམ་པ་དང་། དུས་མཚུངས་སུ་ཁྱིམ་ཚང་གི་སྤྲོ་སྣང་གང་ལེགས་ལོངས་སུ་སྤྱོད་དགོས།
       ང་ཡི“ཕ་ཡུལ་གཉིས་པ”ཀུའེ་ཀྲོའུ་རུ་ཕྱིར་ལོག་ནས་མཐའ་ཁུལ་དང་སྤྱི་ཚོགས་ཀྱི་དམའ་རིམ་དུ་བྱུང་བའི་དོན་བྱ་ལ་དོ་ཁུར་བྱས་ནས་ནུས་ཤུགས་གང་ཡོད་ཀྱི་ལས་ཀ་བྱེད་དགོས།
       མ་ཡུམ་སློབ་གྲྭར་ཕྱིར་ལོག་ནས་སློབ་འབྲིང་དུ་སོང་སྟེ་སློབ་གསོའི་སྒྱུར་བཅོས་ལ་མུ་མཐུད་དོ་ཁུར་བྱེད་པ་དང་དེའི་ནང་ཟབ་ཞུགས་བྱེད་དགོས།
       “ཕྱིར་ལོག་གསུམ”ནི་ཕ་ཡུལ་དུ་ཕྱིར་ལོག་པ་དང་ཚེ་སྲོག་གི་འགོ་ཚུགས་ས་ཡིན་པ་རེད། དུས་མཚུངས་སུ་ཐོག་མཐའ་བར་གསུམ་དུ་ལུའུ་ཞུན་སྲུང་དགོས།
       སྐབས་འདིར། ང་ཡི་མི་ཚེ་གང་བོའི་འགྲོ་ལམ་མིག་མདུན་དུ་མངོན་ཡོད། ལྷག་པར་དུ་ཚེ་སྲོག་དམའ་བའི་དུས་ཀྱི“བསླབ་བྱ”དུམ་བུ་འགའ་ཞིག་དྲན་དགོས། འདི་ཡིས་ངའི་མི་ཚེ་གང་བོའི་དད་སེམས་གཅིག་སྡུད་བྱས་ཡོད་ཀྱང་སྲིད། བརྟན་སྲུང་དང་ཉམས་མྱོང་ཡོད་པ་ཁྱེད་ཚོར་སྤྲད་ནས་གྱེས་བྲལ་གྱི་གསུང་ཚིག་ཏུ་བརྩི་དགོས།
       འདི་ནི“རིག་གནས་གསར་བརྗེ”ཡི་བསླབ་བྱ་གསུམ་ཡིན།
       མདུན་ལམ་ནི་རྒྱང་རིང་ཞིང་མཐའ་མེད་ནའང་། བདག་གིས་ཧུར་བརྩོན་བསྐྱེད་དེ་འཚོལ་སྙེག་གཏོང་རྒྱུ་ཡིན།"(ཆུས་ཡོན)
       ནམ་ཡང་ཕར་རྒོལ་བྱེད། (ལུའུ་ཞུན)
       “ལས་དབང་གི་མདུན་དུ་མགོ་ནས་ཁྲག་རྡོལ་ནའང་ཕྱིར་ལོག་གཏན་ནས་བྱེད་རྒྱུ་མིན།”(ངག་རྒྱུན་ནི་གཞོན་ནུ་མའོ་ཙེ་ཏུང་ལས་བྱུང་བ་རེད།)
       འདི་ནི2000ལོའི“མཐའ་དཔྱོད”ནང་གི་རང་རྣམ་ཞིག་ཡིན།
       ང་རང་འཚོ་ཞིང་གཞེས་ཡོད། ང་ཡིས་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ཀྱང་ཕན་ཚུན་སྐྱོར་བཞིན་ཡོད། འདིས་ཆོག”
       བཤད་དགོས་པ་ཚང་མ་བཤད་ཡོད། འདི་ནས་མཚམས་འཇོག ཚང་མར་ཐུགས་རྗེ་ཆེ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།