ས་ལེ་བར་དྲུག་སྟོང་གི་འགྲུལ་བཞུད། ལེའུ་དང་པོ།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-16 10:31:02
ཀློག་གྲངས།:
སྔོན་འགྲོ།
ངག་རྒྱུན་དུ་ཨ་མདོའི་རྡོ་འབུམ་སྔོ་རིལ་དང་ལྷ་སའི་ཇོ་བོའི་བྱིན་རླབས་ལ་ཆེ་ཆུང་མེད་ཟེར་ཞིང་ཨ་མདོའི་རྡོ་འབུམ་སྔོ་རིལ་མ་མཇལ་ན་ལྷ་སའི་ཇོ་བོར་མཇལ་ཡང་སྙིང་བོ་མེད་པར་གྲགས། ཐག་ཉེ་ན་མིག་གིས་རྫི་མ་མི་མཐོང་ཟེར་བ་བཞིན་ཇོ་བོ་མདུན་ནས་བཞག་སྟེ་གུས་ཕྱག་རྒྱང་ལ་འཚལ་བའི་དཔེར་མི་འགྲོ་གྲང་། ཨ་མདོའི་རྡོ་འབུམ་སྔོ་རིལ་གྱི་རྨང་རྩིག་པ་པོ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ལ། ཁོང་མཆིམས་བློ་བཟང་གྲགས་པའི་ལུང་བསྟན་ལྟར་བྱ་ཁྱུང་དགོན་པའི་གནས་འཚོལ་བར་ཕེབས་སྐབས། ལྕང་སྐྱའི་ས་སྒང་རྒྱབ་ཏུ་ཕེབས་ཏེ་ཕ་གིའི་རི་འདིའི་མིང་ལ་ཅི་ཟེར་ཞེས་བུད་མེད་ཅིག་ལ་དྲིས། དེས་འདི་ལ་སྐྱེས་རི་ཟེར་ཞུས་པས། ཁོང་གིས་ཙོང་ཁའི་སྐྱེས་རིར་འཁྲུལ་ནས་དེར་ཞག་གསུམ་བཞུགས་པར་བཤད།

དེ་ནས་དེ་མ་ཡིན་པ་རྟོགས་ནས་མར་ཕེབས་སྐབས། སྡེ་དེའི་དད་ལྡན་རྣམས་ཀྱིས་བྱིན་རྟེན་ཞིག་འཇོག་དགོས་པར་ཡང་ཡང་བསྐུལ་ངོར། ཁོང་གིས་ས་དཔྱད་དང་བོད་ཁམས་སྤྱིའི་དགེ་མཚན་ལ་དམིགས་ཏེ། ས་རྒྱ་གྲམ་འདྲ་བའི་བཞི་མདོར། བྱ་ཁྱུང་དགོན་པ་བཏབ་པའི་སྔ་ལོ༡༣༤༨ལོར་རྡོ་འབུམ་འདི་བརྩིགས་པར་སེམས། དེ་ལས་གཞན་བསྟན་པ་སྔ་དར་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྤྲུལ་བ་མཛད་དེ་ལྷ་ཀླུ་བཙན་གསུམ་དམ་ལ་བཏགས་ཤིང་སྤྲུལ་བའི་བྱང་ཆུབ་སེམས་དཔའ་མང་པོས་སྒོམ་སྒྲུབ་མཛད་ནས་བཞུགས་པའི་རྡོ་རྟེན་མང་པོ་གདན་དྲངས་ནས་མནན་པའི་སྟེང་ཡུལ་མི་རྣམས་ཀྱིས་རྡོ་མཆོད་དང་གཟུངས་སྔགས་སྣ་ཚོགས་བཏབ་པའི་རྡོ་སྔོན་པོ་མང་པོ་བརྩིགས་པས་ཨ་མདོའི་རྡོ་འབུམ་སྔོ་རིལ་དུ་ཡང་གྲགས། གང་ལྟར་འདི་ནི་མདོ་སྨད་རེབ་གོང་དུ་ཆོས་དང་རིག་གནས་དར་སྔ་བའི་དན་རྟགས་ཤིག་སྟེ། རེབ་གོང་ལ་རིག་པ་འབྱུང་བའི་གྲོང་ཁྱེར་ཐོགས་པའི་རྒྱུ་རྐྱེན་ཞིག་ཏུ་བགྲང་ཆོག་པར་བསམས་ཏེ། ཐོག་མར་རང་གི་མཐའ་འཁོར་གྱི་ལྷ་རྟེན་ཆོས་གསུམ་ངོས་ཟིན་དུ་བཅུག་པ་ཡིན།
ལམ་ཐིག་དང་པོ། ཕྱི་ལོ༢༠༢༣ལོའི་ཟླ༧པའི་ཚེས༢༡ཟི་ལིང་ནས་རྒ་སྐྱེ་དགུ། ལམ་ཐག་སྤྱི་ལེ༨༠༠
བགྲོད་ལམ་གཙོ་བོ། G0613,G214
དམིགས་ཡུལ། རྒ་སྐྱེ་དགུ་གྲོང་ཁྱེར་དང་རྒྱ་ནག་མ་ཎི། འབུ་ཁོག་རྣམ་པར་སྣང་མཛད།
ཕྱི་ལོ༢༠༢༣ལོའི་ཟླ༧པའི་ཚེས༢༡ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་གི་སྟེང་། གྲོགས་བཟང་བོ་གཡང་འབུམ་རྒྱལ་བཟའ་མི་ཡོངས་དང་ངེད་ཚང་གི་བཟའ་མི་ལྷན་རྒྱས་གནའ་མཁར་ཟི་ལིང་ནས་སོ་སོའི་རླངས་འཁོར་ལ་སྒ་ཆས་བརྒྱབ་སྟེ་རྒ་སྐྱེ་དགུའི་ལམ་དུ་ཞུགས།
སྟོང་སྐོར་ཁོག་ནས་རྡོ་སྣུམ་གང་བླུགས་ཏེ་རླངས་འཁོར་ཤར་གཏོང་བྱས་པ་ཡིན། མྱུར་ལམ་བགྲོད་བདེ་མོད་མྱུར་ཚད་ཚད་བཀག་ལ་གཡོལ་ཞོར་དང་ལམ་གྱི་རི་ཆུའི་མཛེས་ལྗོངས་ལ་ལྟ་ཞོར་རྨ་སྟོད་དུ་འབྱོར་ནས་གུང་ཟས་ཐུག་པ་ཞིག་འཐུང་བར་མི་རེར་སྒོར་ཉི་ཤུ་རེད་ཟེར། བྱིས་པ་ཚོས་ཐུག་པའི་རིན་གོང་མཐོ་དྲགས་སོང་བར་འདོད་མོད། ང་ཚོས་ཞིབ་འདང་ཞིག་བརྒྱབ་ན་གནས་འདིར་མི་རིགས་མི་འདྲ་བའི་ཁེ་པ་འདི་ཚོ་རྒྱུས་ལོན་མི་ཐུབ་པ་མེད། ལར་ས་ངོས་མཐོ་ཚད་མཚོ་འཕགས་སྨི་ཉིས་སྟོང་ཡན་ནི་འགྲོ་བའི་ཚེ་སྲོག་འཚོ་བར་གནོད་པ་ཡོད་ཟེར་ལ། སྨི་བཞི་སྟོང་ཡན་དུ་མིའི་རིགས་འཚོ་སྡོད་བྱེད་དཀའ་ཟེར་མོད། ང་ཚོ་མཚོ་བོད་མཐོ་སྒང་གི་འབྲོག་པ་མང་ཚོགས་ཆ་སྙོམས་བྱས་ནའང་མཚོ་འཕགས་སྨི་བཞི་སྟོང་ཡན་དུ་འཚོ་བ་རེད།
ང་ཚོ་ཕྱི་དྲོ་ཉི་མ་ཐག་ཚད་ཅིག་ཡོད་དུས་སེང་ཟེའི་རྒྱ་ནག་མ་ཎི་རྡོ་འབུམ་དུ་རྩེབས། ང་རང་རི་བོའི་གཏོས་དང་མཉམ་པའི་རྡོ་འབུམ་འདིར་ཧ་ལས་ཤིང་དད་ལྡན་མང་ཚོགས་ཀྱིས་ཁྲེས་པོ་དང་ཤིང་རྟ་བྱས་ཏེ་གཟུངས་སྔགས་སྣ་ཚོགས་ཀྱི་རྡོ་མཆོད་འབུལ་བར་ཧང་སངས་སོང་། ངས་རྒྱ་ནག་མ་ཎི་ཟེར་དོན་ཅི་ཡིན་བསམས་ནས་མཚམས་སྦྱོར་རྡོ་རིང་བཙལ་ནས་བལྟས་པ་ན། རྒྱ་ནག་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་བསྟན་འགྲོ་ཉི་མ་ཤར་རམ་རྒྱ་ནག་བྱང་ཆུབ་འཕགས་དབང་གིས་སྤྱི་ལོ༡༧༡༥ལོར་མ་ཎི་ཡིག་དྲུག་གི་རྡོ་སྐུ་ཞིག་རྙེད་པ་གཞིར་བཅོས་ཏེ་རྡོ་འབུམ་བརྩིགས་པར་བཞེད་ལ། རྒྱ་ནག་ལྕགས་ལ་རྒྱལ་པོའི་དབུ་བླར་གྱུར་པས་ཁོང་གི་སྤྲུལ་བརྒྱུད་ལ་ཚང་མར་རྒྱ་ནག་སྤྲུལ་སྐུ་ཞུ་བ་དང་། མ་ཎི་རྡོ་འབུམ་འདི་ནི་ཁོང་གིས་ཆེད་དུ་རྡོ་གཏེར་བཞེས་པའི་མདུན་ཕྱོགས་ཀྱི་ལྷ་འཛང་ལུང་པ་ནས་བྱུང་བ་རེད། རྡོ་འབུམ་འདིར་མི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཙམ་ལས་མེད་ལ། རིག་གསར་དང་ཡུལ་ཤུལ་ས་ཡོམ་སོགས་ཀྱིས་གཏོར་སྐྱོན་ཐེབས་པར་བཤད་མོད། འདིར་རྡོ་མཆོད་འབུལ་མཁན་དང་སྐོར་བ་རྒྱག་མཁན། ལྟད་མོ་བ། སྐོར་ལམ་དུ་ཚོང་བ་སྣ་ཚོགས་ཀྱི་འདུ་འཛི་ཧ་ཅང་ཆེ་བས། ས་གནས་དད་ལྡན་མང་ཚོགས་ཀྱི་ལྷ་རྟེན་འགེངས་ཆེན་དང་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་ཞིག་ཏུ་གྱུར་སྟབས། ས་གནས་དཔལ་འབྱོར་གོང་འཕེལ་ལ་སྨན་པར་མ་ཟད། བོད་ཡིག་གི་རྡོ་བརྐོས་ཡིག་གཟུགས་སྒྱུ་རྩལ་ཞིག་ཀྱང་ཆེས་ཆེར་དར་བཞིན་མཆིས།

མདང་ནུབ་སྐྱེ་དགུ་གྲོང་ཁྱེར་ནས་བསྡད་དེ་ཞོགས་པར་སྐྱེ་དགུ་དགོན་ལ་འགོས་ནས་ཐུར་ལ་བལྟས་ན་སྐྱེ་དགུ་གྲོང་ཁྱེར་ནི་སྐྱུ་རུ་ར་ལག་མཐིལ་དུ་བླངས་པ་བཞིན་ཟླ་ཆུ(澜沧江)སྔོན་མོའི་འབབ་རྒྱུན་དུ་ལྷམ་མེ་ལྷན་ནེར་ཆགས་འདུག ལྷག་པར་དུ་གེ་སར་ཐང་ཆེན་དང་རིག་གནས་བཤམས་སྟོན་ཁང་སོགས་ཤོམ་ཆེ་མོད། སྐྱེ་དགུའི་ས་ཡོམ་ཁྲོད་ཀྲོང་ངེར་འགྲེང་བ་ནི་སྐྱེ་དགུ་གསོལ་མགྲོན་ཁང་ཆེན་མོ་དང་སྐྱེ་དགུ་མི་དམངས་སྲིད་གཞུང་གི་ཁང་བརྩེགས་ཡིན་སྐད། ས་ཡོམ་གྱི་རྗེས་སུ་ཡུལ་ཤུལ་གྱི་མིང་མི་ཡག་པར་བསམས་ཏེ་ཡུས་ཧྲུའུ་ལ་བརྗེས་པའི་གཞུང་ཡིག་བཏང་མོད། ངས་ཐོས་ཚོད་ལ་ལོ་རྒྱུས་ཡིག་ཚང་དང་བསྐལ་བ་ས་ཆགས་ཀྱི་མིང་ལ་རྒ་སྐྱེ་དགུ་ཟེར།

རྒ་སྐྱེ་དགུའི་གྲོང་རྡལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ཉི་ཤུའི་མཚམས་སུ་འབུ་ཁོག་རྣམ་པར་སྣང་མཛད་ལྷ་ཁང(文成公主庙)ཡོད་ལ་དེར་རྒྱལ་བ་བྱམས་པའི་ལྷ་ཁང་དུ་ཡང་འབོད། ཐང་རྒྱལ་རབས་ཀྱི་དུས་སུ་བཏབ། ད་ལྟའི་བར་མི་ལོ༡༣༠༠ལྷག་གི་ལོ་རྒྱུས་ཡོད་ཟེར། ད་ལྟའི་སྒོ་བྱང་དུ་འབུ་ཁོག་ཅེས་བྲིས་ཡོད་མོད། འབིས་ཁོག་ཅེས་དེ་གའི་སྐྱེ་བོ་རྣམས་ཀྱི་ཁ་ན་གྲགས། ཁ་ཅིག་བེེ་ཁོག་སྟེ་དེར་བེེ་རོ་ཙ་ནའི་སྐུ་གཟུགས་བཞེངས་པས་སོ། །ཞེས་པ་དང་། ཡང་ཁ་ཅིག་དང་མ་འབུམ་ཁོག་ཅེས་ཟེར་ཡང་། རྗེས་སོར་སྐད་ཀྱི་ཟུར་ཆག་ནས་འབིས་ཁོག་ཅེས་སོ། །ཞེས་བརྗོད་ཀྱང་། དེང་སང་གི་སྐད་སོ་ན་འཇོག་པ་ལས་འདོར་ལེན་གྱི་ཁུངས་མ་རྙེད།

འདི་ལ་དགེ་རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས། སྤྱི་ལོ641པ་སྟེ་ཐང་གི་ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་པར་ཐང་བོད་གཉིས་ཀྱིས་གཉེན་འབྲེལ་དང་པོ་བགྱིས། ཐང་གི་ཝུན་ཁྲིན་ཀོང་ཇོ་ཤུལ་ཐག་རིང་བའི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་བག་མར་གནང་བ་དེ། ལོ་དེ་ག་རང་གི་ཟླ་དང་པོར། ཅང་ཞཱ་ཝང་ལིས་ཏའི་ཙུང(江夏王李通宋)གིས་སྐྱེལ་སྲུང་གིས་བག་རོགས་ཀྱི་ཚོགས་བཏེགས་ནས་ཁྲང་ཨན་དང་བྲལ་ཏེ་ལྷ་སར་བསྙེགས་ཤིང་། (རྒྱ་བཟའ་ཉིད་ཀྱིས)གཡོག་མོའང་ཉེར་ལྔ་ཁྲིད། དེ་རྣམས་རྡོ་ཉི་ཟླ་བརྒྱུད། འ་ཞའི་ཡུལ་དུ་ཕྱིན། དེ་ནས་ཀྱང་ཀོང་ཇོའི་ལྷ་ཁང(ཝུན་ཁྲིན་ཀོང་ཇོས་འ་ཞའི་ཡུལ་དུ་གནས་སྐབས་ངལ་གསོ་ས)བརྒྱུད་ནས་མཚོ་སྐྱ་རེངས(སྲོང་བཙན་སྒམ་པོ་ཉིད་ཀྱིས་དམག་ཁྲིད་དེ་བསུ་བ་བྱས་པ)སུ་སླེབས། འབྲོང་ལུང་རྟ་ཟམ(དེང་སང་ཚའོ་ལུང་ཐང་ཞེས་བསྒྱུར་ཏེ་ཁྲི་འདུ་རྫོང་གི་ཆུ་སྔོན་ལྷོ་རུ་མཆིས་ཤིང་། ཝུན་ཁྲིན་ཀོང་ཇོས་སྤྱན་འདྲེན་པར་བྱས་པའི་ཇོ་བོ་ཉི་མར་བསྐམས་ས)ནས་བསྐྱོད་པ་དང་། འབྲི་ཆུང་བརྒལ་རྗེས་ལེབ་ཁོག་བརྒྱུད་དེ་འབིས་ཁོག་ཏུ་འབྱོར། བཤུལ་ཐག་རིང་བོ་ནས་བྱོན་པས་དེ་རུ་ཟླ་བ་གཅིག་ལ་ངལ་གསོས། ཝུན་ཁྲིན་ཀོང་ཇོས་བཀའ་བསྒོས་པ་ལྟར་བཟོ་པ་རྣམས་ཀྱིས་བྲག་ངོས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དགུ་བརྐོས། དབུས་སུ་བཞུགས་པའི་སྐུ་ཆེན་པོ་དེར་བོད་སྐད་དུ་རྣམ་པར་སྣང་མཛད་དང་། ལེགས་སྦྱར་སྐད་དུ་མ་ཧཱ་བེེ་རོ་ཙན། རྒྱ་ནག་སྐད་དུ་ཏཱ་རི་རོལ་ལེ(大日如来)ཟེར། ལྷ་ཁང་འདི་བཞེངས་མཁན་གྱི་ངོས་ནས་ཝུན་ཁྲིན་ཀོང་ཇོ་ལྷ་ཁང(文成公主庙)དང་རྟེན་གཙོ་བོ་རྣམ་པར་སྣང་མཛད་ཡིན་པས་འབུ་ཁོག་རྣམ་པར་སྣང་མཛད་ལྷ་ཁང་དུ་བོས་ཀྱང་འགལ་བ་མེད།

གང་ལྟར་རྒ་སྐྱེ་དགུར་འབྱོར་ན། རྒྱ་ནག་མ་ཎི་དང་འབུས་ཁོག་རྣམ་པར་སྣང་མཛད། ལེབ་ཁོག་བྲག་བརྐོས་ཡི་གེར་ལྟ་རུ་མ་སོང་ཐུ་མེད་ཆགས་འདུག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།