རང་རྒྱལ་གྱིས་ས་ཟླའི་བར་སྟོང་གི་འཁོར་སྐར་གསུམ་གྱི་སྐར་ཁྱིམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་། 

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2025-04-21 10:17:38 ཀློག་གྲངས།:
       གསར་འགོད་པས་ཚེས16ཉིན་ཀྲུང་གོའི་ཚན་རིག་གླིང་བར་སྟོང་བེད་སྤྱོད་བཟོ་སྐྲུན་དང་ལག་རྩལ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་གྱིསDRO-AདངDRO-B DRO-Lབཅས་འཁོར་སྐར་གསུམ་གྱིས་གྲུབ་པའི་ས་ཟླའི་བར་སྟོང་གི་སྐར་གསུམ་སྐར་ཁྱིམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས། ས་ཟླའི་བར་སྟོང་གི་བར་ཐག་རིང་བོའི་ལྡོག་སྐྱོད་འཁོར་ལམ་ལ་དམིགས་ཏེ་ཚན་རིག་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་རེད།
       ས་ཟླའི་བར་སྟོང་ནི་སའི་གོ་ལར་ཉེ་བའི་འཁོར་ལམ་དང་ཟླ་བའི་གོ་ལར་ཉེ་བའི་འཁོར་ལམ་གཉིས་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་བར་སྣང་ཁྱབ་ཁོངས་གསར་བ་ཞིག་ཡིན་ཞིང་། སའི་གོ་ལ་དང་བར་ཐག་རིང་ཤོས་སྟོང་སྨི་ཁྲི200ལ་སླེབས་ཐུབ་པ་དང་། སའི་གོ་ལ་དང་ཉེ་བའི་འཁོར་ལམ་གྱི་བར་སྟོང་དང་བསྡུར་ན། དེའི་རྩ་གསུམ་བར་སྟོང་གི་ཁྱབ་རྒྱ་ལྡབ་སྟོང་ལྷག་བསྐྱེད་ཡོད་པ་རེད།
       བར་ཐག་རིང་བོའི་ལྡོག་སྐྱོད་འཁོར་ལམ་ནི་ཟླ་བའི་གོ་ལའི་སྤྱི་འཁོར་ཁ་ཕྱོགས་ལས་ལྡོག་པའི་ཟླ་བ་སྐོར་བའི་འཁོར་ལམ་ཞིག་ཡིན་པ་དང་། དེའི་ཁྲོད་ཀྱི་དཔེ་མཚོན་ལྡན་པའི་རིགས་ཤིག་ལ་ཟླ་བའི་གོ་ལ་དང་བར་ཐག་སྟོང་སྨི་ཁྲི7ནས་ཁྲི10ཙམ་ཡོད། སའི་གོ་ལ་དང་ཟླ་བའི་གོ་ལ། མཁའ་དབྱིངས་བཅས་སྦྲེལ་བའི“འགྲིམ་འགྲུལ་ལམ་མདོ”ཞིག་ཡིན་པས། ས་ཟླའི་བར་སྟོང་གི“རང་བྱུང་གྲུ་ཁ་བཟང་བོ”ཞེས་འབོད། “རང་བྱུང་གྲུ་ཁ་བཟང་བོ”འདིའི་གསང་བ་འཚོལ་ཞིབ་ཀྱིས་ས་ཟླའི་བར་སྟོང་གསར་སྤེལ་བེད་སྤྱོད་དང་། བར་སྟོང་ཚན་རིག་གི་མདུན་གྲལ་འཚོལ་ཞིབ་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་ཐུབ།
         2022ལོའི་ཟླ2པར། ཀྲུང་གོའི་ཚན་རིག་གླིང་གིས་རིགསAཅན་གྱི་འཐབ་ཇུས་རང་བཞིན་གྱི་སྣེ་འདྲེན་ཆེད་དོན་ལས་གཞི་སྟེ“ས་ཟླའི་བར་སྟོང་གིDROའཚོལ་ཞིབ་ཞིབ་འཇུག”ཅེས་པ་སྤེལ་མགོ་བརྩམས་ནས། རང་བདག་གསར་གཏོད་དང་གསར་རྐྱང་ཁྱད་ལྡན། སྟབས་བདེ་སྤྱོད་རུང་བཅས་ཀྱི་ཁྱད་ཆོས་ལྡན་པའི་ས་ཟླའི་བར་སྟོང་གི་ཚད་གཞི་ཆེ་བའི་འཁོར་སྐར་གསུམ་གྱི་སྐར་ཁྱིམ་འཆར་འགོད་བཏོན་ཡོད།
       2024ལོའི་ཟླ2པའི་ཚེས3ཉིན། སྣེ་འདྲེན་ཆེད་དོན་ལས་གཞི་འདིའི་ཚོད་ལྟའི་འཁོར་སྐརDRO-Lཉི་མའི་འགྲོས་མཉམ་འཁོར་ལམ་དུ་བཏང་བར་མ་ཟད། འབྲེལ་ཡོད་ཚོད་ལྟ་ཡང་རྒྱུན་ལྡན་ལྟར་བྱས་ཡོད།
       2024ལོའི་ཟླ3པའི་ཚེས13ཉིན། DRO-AདངDRO-Bཡི་སྐར་ཟུང་ཚན་སྡེབ་གཟུགས་དེ་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཤིང་། སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིམ་པ་དང་པོ་དང་གཉིས་པའི་འཕུར་སྐྱོད་རྒྱུན་ལྡན་ཡིན་ནའང་། སྟེང་ཕྱོགས་འཕུར་སྐྱོད་ལ་གནད་དོན་བྱུང་བས། འཁོར་སྐར་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་ཞུགས་མ་ཐུབ།
       འཕེན་གཏོང་ལ་གནད་དོན་བྱུང་བའི་གནས་ཚུལ་འོག རང་རྒྱལ་གྱི་ཚན་ཞིབ་རུ་ཁག་གིས་བྲེལ་མྱུར་ངང་སའི་གོ་ལ་དང་ཉེ་བའི་འཁོར་ལམ་ནས་འཕྲུལ་སྒུལ་རོགས་སྐྱོབ་ཚོད་འཛིན་ཐེངས་མང་སྤེལ་བ་ལེགས་འགྲུབ་བྱུང་སྟེ། DRO-AདངDRO-Bཡི་སྐར་ཟུང་ཚན་སྡེབ་གཟུགས་དེ་སྤྱི་ལེ་ཁྲི850ཡི་ལམ་ཐག་བརྒྱུད་རྗེས། མཇུག་མཐར་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་ཞུགས་ཐུབ་པ་བྱུང་།
       2024ལོའི་ཟླ8པའི་ཚེས28ཉིན། DRO-AདངDRO-Bཡི་སྐར་ཟུང་ཚན་སྡེབ་གཟུགས་དེ་བདེ་བླག་ངང་ཁ་གྱེས་བྱུང་བ་དང་། ཟླ8པའི་ཚེས30ཉིན། DRO-AདངDRO-Bའཁོར་སྐར་གཉིསDRO-Lདང་བདེ་བླག་ངང་སྦྲེལ་ནསKཟློས་དུམ་རླབས་ཕྲན་འཁོར་སྐར་བར་གྱི་ཚད་འཇལ་འཕྲིན་གཏོང་སྦྲེལ་ལམ་བཙུགས་ཏེ། འཁོར་སྐར་གསུམ་མཉམ་འབྲེལ་མཉམ་གཏོང་གི་དྲ་སྦྲེལ་དཔེ་དབྱིབས་ར་སྤྲོད་བྱས་པ་དང་། འདི་ཡིས་གོ་ལ་ཧྲིལ་བོའི་ཆེས་ཐོག་མའིDROརྨང་གཞིར་བྱས་པའི་ས་ཟླའི་བར་སྟོང་གི་འཁོར་སྐར་གསུམ་གྱི་སྐར་ཁྱིམ་དེ་འཁོར་ལམ་ནས་སྒྲིག་གཤོམ་བྱེད་པ་མངོན་འགྱུར་བྱུང་བ་མཚོན།
       ཀྲུང་གོའི་ཚན་རིག་གླིང་བར་སྣང་བེད་སྤྱོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ས་ཟླའི་བར་སྟོངDROའཚོལ་ཞིབ་ཞིབ་འཇུག་སྣེ་འདྲེན་ཆེད་དོན་བཟོ་སྐྲུན་གྱི་སྤྱིའི་བཀོད་འདོམས་པ་གཞོན་པ་ཞིབ་འཇུག་པ་ཝང་ཆང་གིས་ངོ་སྤྲོད་བྱས་པ་ལྟར་ན། འཁོར་སྐརDRO-AདངDRO-B DRO-Lབཅས་ཀྱི་སྐར་གསུམ་མཉམ་སྦྲེལ་དྲ་བ་ལེགས་འགྲུབ་བྱུང་རྗེས། མུ་མཐུད་དེ་མདུན་གྲལ་ཚན་རིག་ཚོད་ལྟ་དང་ལག་རྩལ་གསར་བའི་ཚོད་ལྟ་མང་པོ་བྱས་ནས། ས་ཟླའི་བར་སྟོངDROའཚོལ་ཞིབ་ཞིབ་འཇུག་ལ་སྐུལ་འདེད་བྱས་ཏེ“རྒྱལ་སྤྱིའི་ཆེས་ཐོག་མ་གསུམ”གྱི་གྲུབ་འབྲས་གལ་ཆེན་བླངས་པ་སྟེ། ཆེས་ཐོག་མར་མཁའ་འགྲུལ་ཆསDROནུས་གྲོན་དམའ་མོའི་ངང་འཁོར་ལམ་དུ་ཞུགས་པ་མངོན་འགྱུར་བྱུང་བ་དང་། ཆེས་ཐོག་མར་སྤྱི་ལེ་ཁྲི117གྱིKཟློས་དུམ་འཁོར་སྐར་ཕན་ཚུན་བར་དང་། འཁོར་སྐར་དང་སའི་གོ་ལའི་བར་གྱི་རླབས་ཕྲན་ཚད་འཇལ་འཕྲིན་གཏོང་སྦྲེལ་ལམ་ར་སྤྲོད་བྱས་ཏེ། ས་ཟླའི་བར་སྟོང་གི་ཚད་གཞི་ཆེ་བའི་སྐར་ཁྱིམ་འཛུགས་པའི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་བསྒྲལ་བ། ཆེས་ཐོག་མར་ས་ཟླའི་བར་སྟོང་གི་འཁོར་སྐར་རྗེས་འདེད་དང་འཁོར་སྐར་ལམ་ཐིག་གཏན་འཁེལ་ཕྱོགས་སྟོན་གྱི་སྤུས་གསར་ནུས་པ་ར་སྤྲོད་བྱས་པ་བཅས་སོ། །
       མ་འོངས་པར། ཚན་ཞིབ་རུ་ཁག་གིས་མུ་མཐུད་དུ་ས་ཟླའི་བར་སྟོང་གི་སྣ་མང་རྙོག་འཛིང་ལྡན་པའི་གཟུགས་གསུམ་འཁོར་ལམ་གྱི་གནད་དོན་ལ་ཞིབ་འཇུག་བྱས་ཏེ། ས་ཟླའི་བར་སྟོང་ཁོར་ཡུག་གི་རིམ་འགྱུར་ཆོས་ཉིད་ལ་རྒྱུས་ལོན་བྱ་རྒྱུ་ཡིན་ལ། DROཡི་རྒྱུན་རིང་གཏན་འཇགས་རང་བཞིན་སྤྱད་ནསE-18ཚད་རིམ་གྱི་མ་རྡུལ་འོད་དུས་ཚོད་འཇལ་བྱེད་བཀོད་སྒྲིག་བྱས་ཏེ། ཚད་རྡུལ་ཤུགས་རིག་པ་དང་མ་རྡུལ་དངོས་ལུགས་སོགས་ཁྱབ་ཁོངས་ཀྱི་གཞི་རྩའི་ཚན་རིག་གི་གནད་དོན་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པ་བརྒྱུད། སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བ་ལ་སྔར་བས་ཞིབ་ཚད་མཐོ་བའི་ར་སྤྲོད་སོགས་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།