ངོས་དང་པོ > སློབ་གསོ། > སློབ་གསོའི་རིགས་གཞུང་། > «བཤད་ཆེ་ན་ཕ་གཏམ་བུ་ལ་གནོད»བཀླགས་རྗེས་ཀྱི་མྱོང་བྱང་།
«བཤད་ཆེ་ན་ཕ་གཏམ་བུ་ལ་གནོད»བཀླགས་རྗེས་ཀྱི་མྱོང་བྱང་།
རྩོམ་པ་པོ།:བསོད་ནམས་སྟོབས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-08 09:19:55
ཀློག་གྲངས།:
བྱིས་པའི་ཁམས་མོས་དང་མཐུན་པའི་སློབ་གསོ་དགོས།
«བཤད་ཆེ་ན་ཕ་གཏམ་བུ་ལ་གནོད»བཀླགས་རྗེས་ཀྱི་མྱོང་བྱང་།
བསོད་ནམས་སྟོབས།
གླེང་གཞི།
«བཤད་ཆེ་ན་ཕ་གཏམ་བུ་ལ་གནོད»ཅེས་པའི་དཔེ་ཆ་འདི་ནི་སྐུ་ཞབས་མཐའ་སྒྲོལ་ལགས་ཀྱིས་བོད་འགྱུར་བྱས་པའི་སློབ་གསོའི་དཔེ་ཆ་ཞིག་རེད། འདི་ཉིད་ཐའེ་ཝན་གྱི་སློབ་གསོ་བ་གྲགས་ཅན་དང་སེམས་ཁམས་རིག་པ་བ། ཀླད་རྩ་རིག་པ་བ་གྲགས་ཅན་ཧུང་ལན་ཞེས་པས་བརྩམས་ཤིང་། དབྱིན་ཅན་ལི་ཡིས་གཙོ་སྒྲིག་བྱས་འདུག དེབ་འདིའི་ཁྱད་ཆོས་གཙོ་བོ་ནི་སྒྱུར་པ་པོས་ཀླད་གཏམ་དུ་བསྟན་པ་ལྟར། “དཔེ་ཆ་འདིར་རྩོམ་པ་པོ་སྒེར་གྱི་ཆགས་སྡང་མེད་པར་རིག་པ་ལ་བརྟེན་ནས་བཤད་འདོད་པ་དག་ཀླད་རྩ་རིག་པ་དང་སེམས་ཁམས་རིག་པའི་ལམ་ནས་བསྒྲུབས་ཡོད་ཕྱིར།”ཞེས་གསུངས་པ་ལྟར། བྱིས་པ་ལ་སྒོ་ཀུན་ནས་ཞིབ་མོའི་གསེད་བཀྲོལ་འདོད་ན། རྒྱབ་རྟེན་བཙུན་པའི་དཔེ་ཆ་འདི་ནི་གཞི་འཛིན་གྱི་ཚད་ཤིང་ལྟ་བུར་ངེས་པས། འདིར་བྱིས་པའི་སློབ་གསོའི་ཁྲོད་ཀྱི་རྒྱུན་མཐོང་གི་གནད་དོན་རེ་འགའ་རོབ་ཙམ་གླེང་ན།
གཅིག ཁྱེའུ་དུས་སློབ་གསོའི་སྐོར།
ཁ་ཤས་ཀྱིས་ཁྱེའུ་དུས་ཀྱི་ཕྲུ་གྲུ་དམར་འབྱར་ནི་མ་གྲང་མ་ལྟོགས་པ་ཙམ་གྱིས་ཅི་སྐྱོན་ཅི་སྐྱོན་རང་སྙམ་ཡོད་ལས་ཆེ་ཡང་། “ཁྱེའུ་ཡི་སྐབས་ཕ་མ་དང་ཁ་བརྡ་མང་ཉུང་གིས། བྱིས་པའི་རིག་ནུས་ལ་ཐད་ཀར་ནས་ཤུགས་རྐྱེན་ཐེབས་པ་རེད་ལ། བྱིས་པའི་མ་འོངས་རིག་ནུས་ཇི་འདྲ་ཡིན་པ་ནི་ཁོས་ཁ་བརྡ་ཐོས་པ་མང་ཉུང་ལ་རག་ལས་ཡོད་པ་དེ་རེད།”ཅེས་དང་། “ན་ཆུང་དུས་ཕ་མའི་སྐད་ཆ་མང་བོ་གོ་མྱོང་བའི་བྱིས་པ་ནི། བསམ་བློ་ཞིབ་ཚགས་ཡིན་པ་དང་། རིག་པ་མྱུར་བ། བློ་ཐབས་མང་བ་སོགས་ཀྱི་དགེ་མཚན་ཡོད།”ཅེས་གསུངས་པ་ལྟར། དེ་ག་ནི་ཀླད་རྩ་རིག་པ་ལས་ཞིབ་འཇུག་ལག་ལེན་བྱས་པའི་སྐད་ཆ་ཁོ་ན་ལས།ཡིད་འཇོག་དང་ཉམས་མྱོང་ཙམ་མ་ཡིན་པས། སོ་སོར་བསམ་བློ་ཞིབ་ཚགས་དང་རིག་པ་མྱུར་བ། བློ་ཐབས་མང་བའི་བྱིས་པ་ཞིག་ལ་སྨོན་ན། སྣང་ཆུང་དོན་ཆུང་དུ་ལུས་པའི་དུས་གནད་ཁྱད་པར་བ་འདི་ལ་སྲུང་བརྩི་ཡོད་འོས་སོ། །
གཉིས། ཕྱི་རོལ་སློབ་གསོའི་སྐོར།
“མི་ཚེའི་བརྒྱུད་རིམ་ནང་སྤྱོད་དགོས་པའི་ཤེས་བྱ་མང་ཆེ་བ་སློབ་དེབ་ནང་ན་བསླབ་རྒྱུ་མེད། མི་མང་ཆེ་བ་སྲོལ་རྒྱུན་གྱི་ལྟ་ཚུལ་གྱིས་བཅིངས་པས་རེད། ཤེས་བྱ་ནི་མིག་གིས་སློབ་ཁང་གི་ནག་པང་ན་ལོན་རྒྱུ་ཞིག་རེད་འདོད་ནས། སྲོལ་རྒྱུན་སློབ་གསོ་གཏོར་མ་ཕོད་པར་བསྡད་ཡོད།”ཅེས་དང་། “རང་ཉིད་ཁོ་ན་ལས་མི་བསམ་པའི་དགེ་རྒན་ཚོས་སློབ་མ་དག་ནམ་རྒྱུན་སློབ་ཁང་དང་སློབ་དེབ་ནང་ལ་བཅུག་སྟེ། དགེ་རྒན་གྱི་རྣམ་རིག་ཚང་མ་ཇི་ལྟར་བྱས་ན། སློབ་མས་རྒྱུགས་སྐར་མཐོན་པོ་ལེན་པའི་ཕྱོགས་ལས། སློབ་མས་ཅི་ཞིག་ཤེས་ཡོད་མེད་ལ་འཁོར་གྱི་ཡོད་པ་མ་རེད། སློབ་མཐར་ཕྱིན་ཚར་དུས་སློབ་གྲྭའི་ནང་ཐོབ་པའི་སྐར་མ་ལ་ལྟ་མཁན་སུ་ཡང་མེད། དེ་ལས་སློབ་ཁང་དང་སློབ་དེབ་ཕྱི་རོལ་ནས་བསླབས་པའི་ཤེས་བྱ་ཁྱོད་ཀྱིས་ཚེ་གང་ལ་སྤྱད་ཀྱང་ཚར་རྒྱུ་མེད།”ཅེས་གསུངས་པ་ལྟར། བྱིས་པའི་ལྷན་སྐྱེས་ཀྱི་འཇོན་ནུས་དང་དགའ་མོས་ལ་ཕྱོགས་ཡོངས་ནས་ལམ་སྟོན་དང་།ཚེ་གང་ངོམ་ཆོག་ཆོག་གི་རིག་གནས་ཡོན་ཏན་གལ་གནད་དུ་འཛིན་དགོས་པ་ལས། ཐལ་མཐར་ལྷུང་བའི་སྡིག་ཉེས་ཀྱིས། བྱིས་པའི་ཁྱད་མཚར་བའི་ཕུགས་འདུན་དང་རྨི་ལམ་ལ་སུན་སྣང་དང་ཁོ་ཆད།ཡི་མུག་པ་སྣ་ཚོགས་བྲིས་ཡོད་དོ། །
གསུམ། བཟང་ངན་སློབ་གསོའི་སྐོར།
“བྱིས་པའི་ལྷན་སྐྱེས་ཀྱི་ནུས་པ་དང་གུ་ཡངས་པའི་སློབ་གསོ་ལྟར་ཕྱོགས་ཡོངས་ནས་སྲང་ལ་གཞལ་ན། བྱིས་པ་དག་ལ་འདི་བཟང་དང་འདི་ངན་ཞེས་པའི་ཐལ་དྲགས་པའི་སྡོམ་ཚིག་ཅིག་ཡོད་མི་སྲིད་མོད། གཅིག་གིས་གཅིག་བཅུམ་པའི་གནས་བབ་འོག རྒྱུགས་དང་འབྲེལ་བ་མེད་པའི་ཁྲིད་ཚན་དང་། ནུས་པ་ཇི་ལྟར་བཟང་ནའང་། གོ་ཅི་ཡང་མི་ཆོད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།”ཅེས་གསུངས་པ་ལྟར། བྱིས་པ་དག་ཚོང་ཁང་གི་དངོས་རྫས་ཇི་བཞིན་འདི་བཟང་དང་འདི་ངན་ཞེས་པའི་ཐལ་དྲགས་པའི་དབྱེ་འབྱེད་ཀྱི་སྡོམ་ཚིག་དེ་ནི། ང་ཚོའི་ཁ་ཉེ་ཐག་ཉེ་རུ་ཞོ་དང་སྤྲིན་ལྟར་ཆགས་ཡོད་རེད། མ་ཟད་དེ་ལྟར་ཟེར་མཁན་མང་ཤོས་ནི་མིག་རྒྱང་དོག་པའི་སློབ་གསོ་བ་དང་དཔེ་ཀློག་བྲལ་བའི་དགེ་རྒན་རེ་འགའ་ཡིན་པར་གདོན་མི་ཟ། དེ་ལྟ་བུའི་མ་ཉེས་ཁག་གཡོགས་ཀྱི་ཚད་འཇལ་དེས། བྱིས་པའི་སྤྲོ་སྣང་དང་མཚར་སྣང་ལ་སོས་མི་སྲིད་པའམ་བརྗེད་མི་ཐུབ་པའི་རྨ་ཁ་བཟོས་ཡོད་ཨང་།
བཞི། ཉམས་མྱོང་སློབ་གསོའི་སྐོར།
བྱིས་པ་དག་གི་རྒྱུན་ཐོས་ཀྱི་ཕ་མའི་སྐད་ཆ་ནི། “མ་རྒྱུགས། སེམས་ཆུང་བྱོས། ས་ལ་འགྱེལ་གི་རེད། ཆུ་རྩེ་མ་བྱེད། གོན་པ་སྦང་གི་རེད། མ་ལས། མི་ཆོག”ཅེས་པའི་ཕངས་སེམས་ཀྱི་སྐད་ཆ་ལ་ཟུར་ངོས་གཞན་ནས་ལབ་ན་དེ་ཡང་བཀའ་རྒྱ་ལྟ་བུར་ངེས་ཏེ། “ཁོས་ཅི་ལས་འདོད་ན་ཁོ་ལ་སྒྲུབ་ཏུ་ཆུགས། ང་ཚོའི་འོས་འགན་ནི་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། གལ་ཏེ་ཁོ་ཕམ་སོང་ནའང་། ཉམས་མྱོང་དེ་ཁོས་ཚེ་གང་བོར་བརྗེད་མི་སྲིད་ཅིང་། ཁོའི་མི་ཚེ་ནི་ཚེ་གཅིག་ལུས་གཅིག་ལ་ཕམ་ཁ་གཅིག་ཀྱང་ཁུར་མ་མྱོང་བའི་མི་དེ་དག་གི་མི་ཚེ་ལས་ཕུན་སུམ་ཚོགས་པ་ཡིན་སྲིད།”ཅེས་གསུངས་པ་ལྟར། བྱིས་པའི་འགྲོ་འདུག་སྤྱོད་གསུམ་གྱི་ལས་ཀ་སླ་མོ་ནས་ངང་རིང་ཚུགས་ཐུབ་ཀྱི་མྱོང་བ་ཅི་ཙམ་མྱངས་ན། དེ་ལྟར་བསམ་ཡུལ་ལས་འདས་པའི་གསར་གཏོད་དང་དཔའ་སྤོབས་ཀྱི་ཚེ་སྲོག་རྙེད་ཐུབ་སྟེ།དཔེར་ན། ཉི་ཧོང་དང་ཕྱི་གླིང་བའི་བྱིས་པའི་སློབ་གསོ་ལྟ་བུའོ། །
མཇུག་བསྡུ།
གཞན་དཔེ་ཆ་འདི་ལས་བྱིས་པའི་མཚར་སྣང་དང་ལྷན་སྐྱེས་ཀྱི་ནུས་པ་གསོ་སྐྱོང་། བྱིས་པར་བསམ་ཚུལ་དང་དྲི་བ་འདོན་པའི་ཁེ་དབང་། བྱིས་པའི་སྒྱུ་རྩལ་དང་རིན་ཐང་ལྟ་བ་སོགས་ལས་རང་རེ་ཅག་གི་བྱིས་པའི་སློབ་གསོ་ལ་བསྐྱར་བརྟག་དང་། ཁོ་ཚོའི་ཁམས་མོས་དང་མཐུན་པའི་སྤྲོ་སྣང་གི་ཞིང་ཁམས་རྙེད་གྱུར་ན། དེ་ནི་གོང་ན་མ་མཆིས་པ་དང་བླ་ན་མ་མཆིས་པའི་རླབས་ཆེན་གྱི་བྱ་གཞག་ཅིག་གོ །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།