«ཉི་མ་ལྟ་བུའི་དགེ་བསྙེན»བཀླགས་པའི་དྲན་པ་ཐ་ཐོར།

རྩོམ་པ་པོ།:བསེ་ཀུན་དོང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-24 08:46:09 ཀློག་གྲངས།:
       ཐོས་པ་གོ་ཡུལ་དུ་ལུས་པའི་གྱི་ན་བ་བདག་ལ་མཚོན་ན། ཉམས་ཆུང་ཚོགས་གཉིས་ཀྱི་སྐྱེད་ཆུང་ཞིང་། ཤེས་རབ་རྣམ་གསུམ་གྱི་བློ་དམན་པ་བརྩོན་འགྲུས་ཀྱི་གོ་ཆ་སྲབ་ཅིང་། ལེ་ལོ་སྙོམ་ལས་ཀྱི་དུས་འདའ་བ་ཞིག་ལ། མེ་ཁྱེར་ཉི་དཀྱིལ་དུ་ལྷུང་བ་སྨོས་མ་དགོས་ཤིང་། དོན་གྱི་གནད་ལ་སོ་མ་ཐེབས་པ་དང་ལྟ་བའི་གནད་ལ་བློ་མ་སྨིན་པ། ལས་ཀའི་མྱོང་བས་ལག་ཐོགས་པ་ཞིག་ཏུ་སྲིད་པས། རྩིང་པོ་ཞིབ་ཏུ་འཐག་ཅིང་ཞིབ་མོ་ཚགས་ཀྱིས་བཙགས་ནས་རྡོག་རྡོག་ལག་ཏུ་འཇོག་རྒྱུ་དང་ལྷབ་ལྷེབ་རྒྱབ་ལ་གཡོགས་རྒྱུ་མེད་པས། བླུན་པོའི་ཡིད་འཁུལ་བ། མཁས་པའི་ཡིད་འཕྲོག་པ། མཁས་རྨོངས་ཀུན་གྱིས་བསྔགས་པའི་ཡུལ། བསྟོད་པའི་གནས། དགའ་བའི་རྒྱུར་འགྱུར་དཀའ་ཡང་། རིང་ཡང་མགོ་ལུས་འཚམས་པ་དང་། ཐུང་ཡང་ཡན་ལག་རྫོགས་པ་ཞིག་ལ་འབུངས་བར་བྱ། «ཆུའི་བསྟན་བཅོས»ལས། བསམ་པ་བཟང་ན་འཇིག་རྟེན་གྱི། །བྱ་བ་ཀུན་ཀྱང་ཆོས་སུ་འགྲོ། །ཟོ་ཆེན་ལ་བརྟེན་འོབས་ཀྱི་ཆུ། །ཤིན་ཏུ་མཐོ་བའི་རི་རྩེར་འགྲོ། །ཞེས་པ་བཞིན་བསམ་པ་རྣམ་དག་དང་ཀུན་སློང་གཙང་མ་ཞིག་གིས་ཀུན་ནས་བསླངས་ཏེ། དེ་རིང་ངས་འཛམ་གླིང་དཔེ་ཀློག་ཉིན་མོར«ཉི་མ་ལྟ་བུའི་དགེ་བསྙེན»ཞེས་པའི་སྐྱེས་བུ་ཆེན་པོ་ཞིག་གི་རྣམ་ཐར་བཀླགས་པའི་མྱོང་ཚར་ཐོར་བུ་ཞིག་དགེ་སློབ་ཡོངས་ལ་མཉམ་སྤྱོད་བྱ་རྒྱུ་ཡིན།
       ཐོག་མར་ང་རང་དཔེ་བལྟས་ཧ་ལས་པ་མེད་ཀྱང་དཔེ་ཆ་བླུ་རྒྱུར་ཧ་ཅང་དགའ་བ་ཡིན། ངའི་དཔེ་སྒྲོམ་དང་ཉལ་ཁྲི། ལས་ཤག ཐ་ན་འགྲོ་ས་འདུག་ས་གང་སར་གཡུག་པའི་དཔེ་ཆ་གཡའ་མི་དག་པ་ཡོད། ཁོམ་སྐབས་དང་བྲེལ་ཟིང་གང་རུང་གི་ཧྲག་བར་ནས་དཔེ་ཆ་རྫོགས་པའི་གོམས་གཤིས་ཡག་པོ་ཞིག་ཡོད་ཀྱང་ཕྱི་ཡུལ་ལ་གོ་རྒྱ་གཅོད་པ་དང་ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་ཡོན་ཏན་མ་འབྱོར། དེ་ནི་གཡག་ལྟོགས་ཀྱིས་རྩྭ་ཟ་པ་བཞིན་དཔེ་ཆ་གཅིག་ཆ་ཚང་བཀླགས་མ་ཚར་བར་ལག་ལ་ཐོན་ཚད་ཧེབ་ཀྱིས་རྫོགས་པས་ལན་ཡང་སྲིད། གང་ལྟར་དཔེ་ཆའི་ཁ་བྱང་དང་དཀར་ཆག་མང་པོ་མཐོང་མྱོང་བས་རྒྱུ་ཆ་རེ་འཚོལ་བར་སྟབས་ཧ་ཅང་བདེ་བར་སྣང་། ད་ཐེངས་ངས«ཉི་མ་ལྟ་བུའི་དགེ་བསྙེན»ཞེས་པའི་དཔེ་ཆ་འདི་བདམས་ནས་དཔེ་ཀློག་མཉམ་སྤྱོད་བྱར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ། གཅིག རྣམ་ཐར་འདི་ལས་བོད་མི་རིགས་ནི་ཤེས་རབ་ལ་དགའ་བའི་མི་རིགས་ཤིག་ཡིན་པ་བླ་ལྷག་ཏུ་མཚོན་ཐུབ་ལ། གཉིས་ནས་རྩོམ་མཁན་ཡང་ང་ཚོའི་མང་རྫོང་གི་དགེ་བཤེས་ཤེས་རབ་བསྟན་དར་རམ་རྒྱ་གྲོལ་ཚང་རེད། ཐག་ཉེ་ན་མིག་གིས་རྫི་མ་མི་རིག་ཅེས་པའི་དཔེ་ལྟར་ཁོང་གི་ཐུན་མོང་མ་ཡིན་པའི་དེང་རབས་ཀྱི་འབྲི་ཐབས་དང་བློས་བསླངས། སྲོལ་རྒྱུན་གྱི་ཚིག་རིས་ལས་འཁྲུངས་པའི་རྩོམ་རྩལ་ལ་ང་ཚོ་རྒན་དར་གཞོན་གསུམ་མེད་པར་དགའ་བསུ་འཐོབ་ས་ཞིག་ཡིན་པས་ང་ཚོས་ཅི་ནས་ཀྱང་རོལ་མྱོང་བྱ་བར་རིགས། ཡོལ་སྒོ་རེ་རེའི་ཕག་ན་ཁྱད་མཚར་བའི་གཏམ་རྒྱུད་རེ་རེ་སྐུང་བའི་ལེའུ་སོ་བརྒྱད་ཀྱི་བརྩམས་ཆོས་འདི་ཐེངས་གཉིས་ལ་ཞིབ་བལྟས་བྱས་པ་ཡིན། ལར་བརྡ་རྙིང་བ་ལ་བརྡ་གསར་བའི་འགྲེལ་བཤད་མི་དགོས་མོད། ད་ལྟ་རང་སྐད་ལ་གཞན་སྐད་ཀྱི་ལོ་ཙཱ་དགོས་པའི་དུས་རབས་འདིར་བརྡ་རྙིང་གོ་དཀའ་བ་བརྡ་གསར་དུ་ཕབ་པའི་བརྩམས་ཆོས་འདི་ཚིག་དོན་གཉིས་ཆར་ནས་བྲིན་ཆེ་བར་འདུག ལྷག་པར་དུ་རིག་གནས་ཀྱི་རང་རྟོན་རང་བཞིན་མངོན་པར་གསལ་བས་སེམས་ཀྱི་དང་བ་འདྲེན་པ་དང་ཡིད་ཀྱི་བརྟན་པ་འཕྲོག་པ་ལན་གཅིག་མིན།
       དེ་ཡང་ཉི་མ་ལྟ་བུའི་དགེ་བསྙེན་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཏེ། རུས་འབྲོམ་དང་ཆེ་བརྗོད་ཀྱི་མིང་ལ་སྟོན་པ། དགེ་བསྙེན་གྱི་མིང་ལ་རྒྱལ་བའི་འབྱུང་གནས་ཟེར། 
       ༡ མ་ཡུར་གྱི་སྡུག་འོག་ནས་རྐྱེན་ངན་གྲོགས་སུ་འཆར་བའི་བྱང་ཆུབ་སེམས་དཔའ་ཞིག་སྟེ། གསེར་དངུལ་ས་རྡུལ་ནང་ནས་རྙེད་ཅིང་བདེ་སྐྱིད་དཀའ་སྡུག་བར་ནས་འཚོལ་བའི་བདེན་པ་བདག་གིར་བཞེས། ཁོ་ཆུང་དུས་མ་ཡར་གྱིས་བཞོན་མ་བཞོ་བ་འདྲོགས་སུ་བཅུག་ནས་འོ་མ་འཕོ་བས་མ་ཡར་གྱིས་བརྡུངས་ནས་ཞེ་འགྲས་སུ་སོང་བས་ལོ་བཅུ་གསུམ་བར་ཞང་བོའི་སར་བྱོན། དགུང་ལོ་བཅུ་བཞི་བར་ཡབ་ཀྱི་རྗེས་སུ་འབྲངས་ནས་སྙེ་མོར་ཚོང་རྒྱག་ཏུ་སོང་། བུ་གཞོན་པའི་དུས་སུ་རྒྱལ་ཁམས་འགྲིམ།ཞེས་པ་བཞིན་དུ་ཕྱིར་ཡུལ་དུ་མ་ལོག་པར་ཡི་གེ་སྦྱངས།
       ༢ རྟ་གཡོག་ཐབ་གཡོག་གནང་བའི་སློབ་གཉེར་བ་ཞིག ཁོང་དགུང་ལོ་བཅུ་བདུན་པར་ཇོ་བོ་སེ་བཙུན་དབང་ཕྱུག་གཞོན་ནུ་སྟེ་བླ་མ་བཟང་བོ་ཞིག་དང་འཕྲད། འབྲོམ་གྱིས་སྐུ་རྒྱབ་ཏུ་གཡག་གྲོད་ནང་འོ་མ་བླུགས་ཏེ་དཀྲོག་པ་དང་། ཕྱག་གིས་རང་འཐག་སྐོར་བཞིན་དཔེ་ཆ་རང་འཐག་གི་ཁར་བཞག་སྟེ་གཟིགས་པ་ལ་སོགས་པའི་སློབ་གཉེར་ལ་བརྩོན་པ་མཛད། ཉིན་དཀར་ཕྱུགས་འཚོར་མཚན་མོ་མེལ་ཚེ་བགྱིས། གྲོགས་པོ་ཞིག་གིས་གྲོགས་བྱས་པས་ཉིན་བདུན་ལས་མ་ནུས་པ། ཁོང་གིས་མི་ལོ་ཉི་ཤུར་རྒྱུན་བསྐྱངས།
       ༣ ཕྱི་ཡུལ་མ་འགྲིམ་པར་ཕྱི་ཡིག་ལ་མཁས་པའི་ལོ་ཙཱ་བ་ཞིག འབྲོམ་དང་ས་པཎ། བུ་སྟོན་སོགས་ཡོད།
       ༤ སློབ་མས་བླ་མ་བཅུད་ཅན་བསྟེན་པར་དཀའ་བ་སྤྱད་པའི་རྣམ་ཐར་མང་དུ་ཡོད་ཀྱང་། བླ་མས་སློབ་མ་སྣོད་རུང་བཙལ་ནས་རྒྱལ་ཁབ་ཕྱི་ནང་བརྒལ་བ་འདི་ཙམ་ལགས། བླ་མའི་ཐུགས་སྨོན་ཤོར་བའི་སློབ་མ་ཞིག མཉམ་མེད་ཇོ་བའི་ཞལ་ནས། སློབ་མ་འདི་འདྲ་རྒྱ་གར་ནའང་མེད་པར་གསུངས།
       ༥ དད་པ་གསར་གཏོད་བྱེད་པའི་བསམ་བློ་བ་ཞིག བཀའ་གདམས་པའི་སྲོལ་འབྱེད་ཡིན།
       ༦ «མི་ཆོས་གནད་ཀྱི་ཕྲེང་བ»ནི་རྒས་རྒྱུ་མེད་པའི་མི་ཆོས་བསླབ་བྱ་རྨད་དུ་བྱུང་བ་ཞིག་སྟེ། མི་ཆོས་རྩ་བ་ཀུན་དང་མཐུན་པ་ཡིན། །མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །འགྲོགས་ལུགས་དགྲ་ལ་འཚོལ་དང་ཟབ་པ་ཡིན། །དེ་བཞིན། ཐ་མ་ཞིག་གྲོགས་བཟང་བོ་དང་འགྲོགས་ཀྱང་འབྲིང་ལས་མི་ཐིངས། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བར་ཚགས་མེད་གསུངས་བ་ཅི་མ་བདེན་འདོད་སྤྱད་ཀྱི་གསུང་གསེར་ནག་གི་ཐིགས་པ་འདྲ་བ་མང་དུ་ཡོད།
       «སྤྱོད་འཇུག་ཆེན་མོ»ལས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་དང་། རྗེ་རིན་པོ་ཆེས། མང་ཐོས་བག་ཆགས་སེམས་ལ་གོམས་རྣམས་ཀྱིས། །མང་པོ་ཤེས་བྱ་ཤེས་པར་དཀའ་བ་མིན། །ཞེས་པ་བཞིན་མི་ཞིག་ལེགས་འགྲུབ་འབྱུང་མིན་གྱི་འབྱུང་རྩ་ནི་གོམས་གཤིས་བཟང་ངན་ལ་རག་བ་ལས་བསྙོན་དུ་མེད། དེ་ཡང་ཇི་སྐད་དུ། ཟས་ཐུན་གཅིག་མ་ཟོས་ཀྱང་ཆོག གཉིད་ཐུན་གཅིག་བཅག་ཀྱང་ཆོག དཔེ་ཀློག་ཐེངས་ཤིག་ཀྱང་ཆགས་མི་རུང་ཟེར་བའི་དཔེ་ལྟར། རང་རའི་གཙོ་འཛིན་མའོ་ཙེ་ཏུང་གིས་ཀྱང་། ཉིན་གཅིག་ལ་དཔེ་ཀློག་མ་བྱས་ན་གཞན་གྱི་རྗེས་མི་ཆོད་ཅེས་གསུངས་མྱོང་།
       རྫ་དཔལ་སྤྲུལ་གྱིས། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ། ཞེས་གསུངས་པ་བཞིན།དཔེ་ཀློག་ལ་ཡང་གོམས་པ་གལ་ཆེའོ། །ཁམ་གྱི་ཟས་ལ་མ་སྤྱད་ན་མི་རྣམས་འཇིག་རྟེན་དུ་འཚོ་མི་ནུས་ལ། བསམ་བློའི་ཟས་ལ་མ་རོལ་ན་མི་རྣམས་འཇིག་རྟེན་དུ་འཚོ་ཡང་དོན་སྙིང་གིས་དབེན་པར་འགྱུར་བས། ཟས་སྔ་མ་ལ་རོལ་ཤེས་ཙམ་ནི་འཇིག་རྟེན་འདིའི་སྲོག་ལྡན་ཐམས་ཅད་ལ་ལྷན་སྐྱེས་སུ་ཡོད་ཀྱང་། ཟས་ཕྱི་མར་རོལ་ཤེས་པའི་ཆ་ནས་ནི་འགྲོ་བ་མི་ཉིད་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པར་གྱུར་པ་རེད།
       དཔེ་ཀློག་བྱེད་པ་ནི་དོན་གྱིས་ཤེས་རབ་འཚོལ་བའི་ལམ་བུ་ཡིན། ང་ཚོ་བོད་པ་ཚོ་ནི་ཤེས་རབ་ལ་དགའ་བའི་མི་རིགས་ཤིག་སྟེ། སྔར་བོད་ལོ་པཎ་རྣམས་ཀྱི་གསུང་འབུམ་པོ་ཏི་མང་པོ་བྲག་རྩིག་རྩིག་བྱས་པ་ལས་རྟོགས་ཐུབ། དེ་མིན་མི་ཚེ་དཔེ་ཀློག་ལ་བསྟིམས་པའི་སྐྱེ་བུས་ས་སྟེང་ཁེངས་ཡོད་དེ། ས་པཎ་གྱིས། རིག་པ་ནང་པར་འཆི་ཡང་སློབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་མི་ཚེ་ཕྲེང་བརྒྱུད་ཀྱི་སློབ་སྦྱོང་གི་སྙིང་སྟོབས་མཚོན་ཡོད།
       དཔེ་ཀློག་བྱས་ཏེ་གདེང་ཐོབ་པའི་སྐྱེས་ཆེན། ཐོན་མའི་ང་རྒྱལ་གྱི་གླུ་ལས། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་དང་། དེ་བཞིན་ས་པཎ་མཆོག་གི་ང་རྒྱལ་དང་མཁས་དབང་དགེ་ཆོས་སོགས་ཅི་མང་ཞིག་ཡོད་པ་གཅིག་ཤེས་ཀུན་གྲོལ་ལོ། །
       དཔེ་ཀློག་བྱེད་སྟངས་ལ«གུང་ཐང་བསླབ་བྱ»ལས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། །ཞེས་ཚིག་དོན་གཉིས་ལ་དོ་སྣང་བྱེད་དགོས་ལ། སློབ་པ་གསུམ་གལ་ཆེ། མིག་གིས་ལྟ་བ། ངག་ལ་གྱེར་བ། བསམ་གཞིག་བྱེད་པ། དཔེ་ཀློག་ཟིན་བྲིས་འབྲི་བ་ལས་མ་འདས།
       མདོར་ན་དཔེ་དེབ་ཅིག་གི་ཁ་ཕྱེས་པ་ནས་འཛམ་གླིང་གི་སྐྱེས་ཆེན་རྣམས་དང་ཁ་བརྡ་གློད་མགོ་བརྩམས་པ་ཡིན་ལ། དཔེ་ཆ་ཀློག་པ་ནི་དོན་གྱིས་རང་ཉིད་ཀློག་པ་ཡིན། ངས་ཆེས་ཤེས་པ་ནི་ང་རང་གིས་ཅི་ཡང་མི་ཤེས་པ་དེ་ཤེས་སོང་། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།