དེབ་གསར«བསྐྱེད་རྫོགས་དྲི་ལན་བརྒྱ་བ»མཚམས་སྦྱོར།
རྩོམ་པ་པོ།:གཅན་རོང་བསྟན་འཛིན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-30 11:53:54
ཀློག་གྲངས།:
ཉེ་ལམ། སློབ་གསོ་བ་གྲགས་ཅན་གཅན་རོང་བསྟན་འཛིན་ལགས་ཀྱི་དེབ་གསར«བསྐྱེད་རྫོགས་དྲི་ལན་བརྒྱ་བ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

དེབ་གསར་གྱི་ནང་དོན་མཚམས་སྦྱོར།
གཅན་རོང་བསྟན་འཛིན་གྱིས་བྲིས།
སྤྱིར་བསྐྱེད་རྫོགས་གཉིས་ནི་ནང་བསྟན་རིག་གཞུང་ལ་མདོ་སྔགས་གཉིས་ཡོད་པའི་སྔགས་རྒྱུད་སྡེའི་རིག་གཞུང་གི་ཤེས་རབ་དཔལ་ཡོན་གྱི་གཏེར་ཆེན་པོ་གཉིས་ཏེ། སྣང་བ་ཐམས་ཅད་ཀྱི་ངོ་བོ་སྟོང་བར་རྟོགས་བྱེད་བསྐྱེད་རིམ་རིག་གཞུང་དང་། སྟོང་བའི་རང་རྩལ་གསལ་བར་རྫོགས་བྱེད་རྫོགས་རིམ་རིག་གཞུང་། གསལ་སྟོང་གཉིས་མེད་དུ་སྨིན་བྱེད་མཚན་མེད་རྫོགས་རིམ་མམ་རྫོགས་པ་ཆེན་པོའི་རིག་གཞུང་ཡིན་ཙ་ན། རིག་གཞུང་འདི་དག་གིས་ཕྱི་ཀུན་རྫོབ་སྣང་བའི་ཆ་ཐམས་ཅད་བདེ་མྱུར་དུ་སྟོང་བའི་ངོ་བོར་དག་ཅིང་སྤང་བ་མཐར་ཕྱིན་ནས་ཕྱི་ཀུན་རྫོབ་གནས་ལྔ་རྟོག་པའི་ཤེས་རབ་ཀྱི་མིག་ཆེན་འབྱེད་ཅིང་། ནང་དོན་དམ་སྟོང་བ་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་དུ་རྫོགས་པས་དོན་དམ་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་མིག་བདེ་མྱུར་དུ་འབྱེད་པ་མ་ཟད། གསང་བ་གསལ་སྟོང་ཟུང་འཇུག་གི་ངང་དུ་རྫོགས་ཏེ་གཉིས་མེད་བྱང་ཆུབ་སེམས་ཀྱི་མིག་བདེ་བླག་ཏུ་འབྱེད་པའི་ཤེས་རབ་རིན་པོ་ཆེ་ཡིན་ཕྱིར། ཤེས་རབ་གསུམ་བདེ་མྱུར་དུ་སྐྱོད་པའི་མིག་འབྱེད་ཆེན་པོ་དང་རྒྱུད་སྡེ་བཞི་དྲུག་གི་ཤེས་རབ་ཡེ་ཤེས་ཀྱི་ལམ་སྟེགས་ཆེན་པོ་གསུམ་ཡིན་ལ། ཕ་ཐབས་གཙོར་འདོན་བསྐྱེད་རིམ་དང་མ་ཤེས་རབ་གཙོར་འདོན་རྫོགས་རིམ་གཉིས་སུ་ཕྱེས་པ་ལས། དོན་ལ་བསྐྱེད་རིམ་རྫོགས་རིམ་གྱི་ལམ་སྟེགས་དང་རྫོགས་རིམ་བསྐྱེད་རིམ་གྱི་ཚད་འཕེལ་ཁོ་ན་རེད། ནང་བསྟན་རིག་གཞུང་སྤྱིའི་ཆ་ནས་བལྟས་ནའང་། བསྐྱེད་རྫོགས་གཉིས་སམ་ཡོ་ག་གསུམ་ཕྱི་རྒྱུད་སྡེ་གསུམ་གྱི་ཚད་འཕེལ་དང་། ཀྲི་ཡོ་སྡེ་གསུམ་བསྐྱེད་རྫོགས་ལས་གསུམ་གྱི་རྨང་གཞི་ཡིན་པ་མ་ཟད། ཀྲི་ཡོ་སྡེ་གསུམ་ཡང་ཉན་རང་བྱང་སེམས་གསུམ་གྱི་ཚད་འཕེལ་དང་ཉན་རང་བྱང་སེམས་གསུམ་ཡང་ཀྲི་ཡོ་སྡེ་གསུམ་གྱི་རྩ་བའི་རྨང་གཞི་ཡིན་པས། ནང་བསྟན་རིག་གཞུང་གི་ཐེག་རིམ་དགུ་ནི་གང་ཟག་གི་བློ་ཁྱད་ལྟར་གསུངས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རིམ་པ་ཕྲ་རགས་མི་འདྲ་བ་འཁྲུལ་མེད་གསུམ་ཡིན་པའི་ངོ་ནང་ནས་འཕྲོད་ཅིང་གདེངས་རྙེད་ན་མདོ་སྔགས་རིག་གཞུང་སྤྱི་དང་བྱེ་བྲག་ཐམས་ཅད་གཅིག་གི་གདམས་པར་གཅིག་འཆར་ཞིང་གཅིག་གི་རྨང་གཞི་དང་ཚད་འཕེལ་གཅིག་ཡིན་པའི་རིག་གཞུང་ཐམས་ཅད་འགལ་མེད་འཆམ་འཐུན་གྱི་དཔྱིད་དཔལ་ནང་ནས་རྒྱས་ངེས་རེད། དེ་བས། ངས་བྲིས་པའི«བསྐྱེད་རྫོགས་དྲི་ལན་བརྒྱ་བ»ཡི་དྲི་བ་དང་དྲི་ལན་རེ་རེ་ནི་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་དང་ཨ་རིག་མཁན་ཆེན་པདྨ་ཚེ་དབང་མཆོག་ཟུང་གིས་མཚོན་པའི་ངེས་དོན་བསྐྱེད་རྫོགས་ཀྱི་པཎྜི་ཏས་བསྐྱེད་རྫོགས་མན་ངག་འཆད་ཁྲིད་ཀྱི་ཞལ་རླངས་མ་ཡལ་བ་སེངྒེ་དཀར་མོའི་འོ་རྒྱུན་མངར་མོ་རང་གིས་ཐོས་བསམ་དཔྱད་ཞིབ་གང་ནུས་ཀྱི་གོ་རིམ་ཁྲོད་ནས་མྱུ་གུ་འབུས་ཤིང་། ལོ་འདབ་རྒྱས་ལ་འཛུམ་དཀར་བཞད་པའི་ཁམ་བུའི་མེ་ཏོག་ཆུང་ཆུང་ཉིས་བརྒྱ་ཡིན་པ་དང་། དྲི་ལན་ཉིས་བརྒྱ་ཡང་ལོ་ངོ་བཅུ་ཕྲག་ལྷག་ལ་ཐོས་བསམ་ཉམས་ལེན་ཆུན་གཅིག་དྲིལ་བྱེད་པའི་གོ་རིམ་གྱི་ཁྲོད་ནས་ཡི་གེར་བྲིས་པའི་ཁམ་འབྲས་མངར་མོ་ཉིས་བརྒྱ་ཡིན་པས། མ་མའི་ངག་ལས་མ་བླངས་པར། །མ་ངན་དཔེ་ལས་བླངས་བ་སྟེ། །འཕྱོན་མའི་བུ་མོ་འགྲིམས་མ་བཞིན། །ཚོགས་ཀྱི་ནང་ན་མི་མཛེས་སོ། །ཞེས་པ་ལྟ་བུའི་དྲི་མས་མ་གོས་པར་རང་གི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་མ་མའི་ཞལ་ཆབ་དྲོན་མོ་གང་ཉིད་རང་རྒྱུད་ལ་གོམས་ཕྱིར་དང་། བསྐྱེད་རྫོགས་རིག་གཞུང་འདིར་སེམས་གཏིང་ནས་དགའ་སྣང་ཡོད་པའི་རང་འདྲའི་མཆེད་གྲོགས་རྣམ་པར་ཕན་དུ་རེ་བའི་ལྷག་བསམ་རྣམ་པར་དག་པས་ཕུལ་སྟབས། ཚད་མི་འདྲ་བའི་སྒོ་ནས་རང་གཞན་གྱི་ཕྱི་ཀུན་རྫོབ་དང་ནང་དོན་དམ་གསང་བ་ཟུང་འཇུག་འོད་གསལ་རིག་གཞུང་གི་མིག་ཆེན་པོ་གསུམ་བདེ་མྱུར་དུ་འབྱེད་ཅིང་། བསྐྱེད་རྫོགས་ཆོས་ཉིད་ཀྱི་བདེན་པ་ཟབ་མོའི་གཏེར་ཁ་ནང་ནས་བརྡོལ་བའང་སྲིད་ན། བསྐྱེད་རིམ་གྱི་ཟེར་དང་རྫོགས་རིམ་གྱི་གསལ་བའི་ཡེ་ཤེས་རེ་རེས་ཕྱི་རགས་པ་གཟུགས་སྣང་གི་ངོ་བོར་བལྟས་ཚེ་བདེན་གྲུབ་དག་ཅིང་། དངོས་མེད་སྟོང་རྐྱང་ཙམ་ཡང་གཏན་ནས་མ་ཡིན་པར་སྟོང་བ་གསལ་བའི་རྒྱན་ཅན་དང་། གསལ་བ་རིག་པའི་རྒྱན་ཅན། ཟུང་འཇུག་འོད་གསལ་རྒྱན་ཅན་གྱི་ཤེས་ནུས་ཚད་གཞི་གསལ་བོ་ཞིག་ནང་ནས་ཐག་ཆོད་ཅིང་གདེངས་དང་ལྡན་རྒྱུ་དེ་ཡིན་པས། ཕྱི་སྣང་བ་ཐམས་ཅད་འབྱུང་བཞིའི་རྡུལ་རྫས་ཀྱིས་གྲུབ་ན། འགྲུབ་བྱེད་ཀྱི་རྡུལ་རྫས་རེ་རེ་ཆ་སོ་སོར་ཕྱེས་ཏེ། མཐར་རྡུལ་ཕྲན་ཆ་མེད་ཐིག་ལེ་ཉག་གཅིག་ཏུ་ཐུག་པའི་སྣང་སྟོང་གི་ཤེས་རབ(智慧)ཀྱིས་བལྟས་ན། སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་བདེར་གཤེགས་སྙིང་བོ་འབའ་ཞིག་དང་། དེའི་སྣང་བ་ཐམས་ཅད་བདེར་གཤེགས་སྙིང་བོའི་རང་རྩལ་ཁོ་ན་ལས་མ་འདས་པས། སྣང་སྲིད་འཁོར་འདས་ཐམས་ཅད་སྟོང་བ་ཉིད་དུ་དག་ཚར་བ་ནི། དོན་ལ་རགས་པ་དངོས་སྣང་རྣམ་རྟོག་དང་བཅས་པའི་ཟག་བཅས་ཐམས་ཅད་སྟོང་བ་ཐིག་ལེ་ཉག་གཅིག་གི་ངང་དུ་དག་ཚར་བའི་ཕྱིར། དངོས་པོའི་འཇིག་རྟེན་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ། རགས་པ་ཟག་བཅས་ཚོགས་དྲུག་གི་རྣམ་ཤེས་ཆ་ལག་དང་བཅས་པ་དག་ཚར་བས། དེའི་དག་ཤུལ་དུ་ཟག་བཅས་རྣམ་ཤེས་ཀྱི་རྒྱུན་ཕྱི་མ་མེད་ཅེས་བཤད་ནའང་། དངོས་པོའི་འཇིག་རྟེན་ཞིབ་འཇུག་གི་ཆ་ནས་དེ་ཡང་གནས་ལུགས་ཤིག་དང་དངོས་པོའི་འཇིག་རྟེན་ཞིབ་འཇུག་གི་འབྲས་བུ་ཞིག་རེད།

འོན་ཀྱང་ནང་ཕྲ་བ་ཐུན་མིན་བསྐྱེད་རྫོགས་རིག་ལམ་གྱི་ཆ་ནས་བལྟས་ན། རགས་པ་ཕྱི་འབྱུང་ཐམས་ཅད་ཕྲ་བ་ནང་འབྱུང་སྣང་སྟོང་གི་ཡེ་ཤེས་དང་། དེ་ཡང་རང་བཞིན་གསལ་བའི་རྫོགས་རིམ་གྱི་ཡེ་ཤེས་སུ་ཚད་འཕེལ་བྱུང་བ་མ་ཟད། ད་དུང་ཟུང་འཇུག་གཉིས་མེད་གསང་འབྱུང་གི་ངོ་བོར་གོང་འཕེལ་བྱུང་ཞིང་དེ་ནས་ནང་གསལ་དེ་འབྱུང་གི་ངོ་བོར་སྨིན་པའི་ཐུན་མིན་ཆོས་ཉིད་ཟབ་མོ་ངོ་ཤེས། ངང་དུ་གྱུར། རྩལ་ཆེན་རྫོགས་གཉིས་མེད་ཟད་སར་སོང་དང་འགྲོ་རྒྱུ་ནི་བསྐྱེད་རྫོགས་གཞུང་བཟང་འདི་ཉིད་ཐོས་བསམ་སྒོམ་གསུམ་གྱི་དམིགས་འདུན་དང་འབྲས་བུ་བསླུ་བ་མེད་པ་ཡིན་པས། བསྐྱེད་རིམ་གྱིས་ཕྱི་སྣང་བ་ཐམས་ཅད་ངོ་བོ་སྟོང་བའི་དབྱིངས་སུ་དག་ན་གང་སྣང་བའི་རྟག་ལྟ་སྟོང་བའི་ངོ་བོར་རང་སངས་སུ་གྱུར་བ་དང་། རྫོགས་རིམ་གྱིས་དེ་ཉིད་རང་བཞིན་གསལ་བའི་ཡེ་ཤེས་སུ་རྫོགས་ཚེ་ཆད་ལྟ་རང་གསལ་དུ་གྱུར་བ་མ་ཟད། མཐར་སྣང་སྟོང་གཉིས་མེད་ཡེ་ཤེས་ཀྱིས་གཉིས་ཀ་དང་གཉིས་མིན་གྱི་ཆ་ཐམས་ཅད་ཟུང་འཇུག་འོད་གསལ་གྱི་ངང་དུ་བཟླུམས་ཏེ་མཐའ་བཞིའི་དྲི་མ་རང་སངས་སུ་གྱུར་ཚེ། དཔེར་ན། རྗེ་མི་ལས། ང་འཆི་བས་འཇིགས་ཏེ་རི་ལ་ཕྱིན། །འཆི་བ་མི་རྟག་བསྒོམས་བསྒོམས་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ལྟར། རགས་པ་ཟགས་བཅས་འཁྲུལ་སྣང་གི་འཆི་བའི་འཇིགས་པ་དབྱིངས་སུ་དག་པས། དེ་ལས་རྣམ་པར་རྒྱལ་ནས་ཕྲ་བ་འཆི་མེད་གཉུག་མའི་བཙན་རྫོང་ཟིན་པའི་བདེ་སྐྱིད་ཁོ་ནའི་ཕན་འབྲས་ཀྱང་བསམ་གྱིས་མི་ཁྱབ་པས། གྲུབ་རྒན་གོང་མས། དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་བསྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསྐྱེད་རྫོགས་བྱང་ཞིང་གོམས་དགོས་པར་སྔོན་འགྲོ་ནས་ཆེད་དུ་གདམས་པ་མ་ཡིན་ནམ་སྙམ།
མདོར་ན། བསྐྱེད་རྫོགས་ཀྱི་དྲི་བ་རེ་རེ་ཀློག་པ་པོ་རེ་རེའི་ངོ་བོ་སྟོང་བའི་རིག་གཞུང་གི་བརྗེ་རེས་མིག་འབྱེད་རེ་རེ་དང་། དྲི་ལན་རེ་རེ་རང་བཞིན་གསལ་བའི་ཤེས་རབ་ཀྱི་མྱོང་རོལ་རེ་རེ་ཡིན་ལ། དྲི་དང་དྲི་ལན་ཟུང་དུ་འབྲེལ་ཐེངས་རེ་རེ་ནི་ཟུང་འཇུག་མཁྱེན་རྩལ་ཡོན་ཏན་གྱི་འོད་དང་འོད་གསལ་རྒྱས་ཐེངས་རེ་རེར་གྱུར་དང་འགྱུར་ངེས་ཤིང་། མ་མཐའ་ཡང་བསྐྱེད་རྫོགས་རིག་གཞུང་ལ་ཐོག་མར་ཐོས་བསམ་བྱེད་མཁན་གྱི་ཀློག་པ་པོ་རྣམས་ལ་ནང་བསྟན་སྤྱི་དང་སྒོས་སུ་རྒྱུད་སྡེ་བཞི་དྲུག་གི་རིག་གཞུང་ཆེན་མོར་སྤྲོ་སྣང་གིས་འཇུག་པའི་རྒྱུ་དང་། བར་དུ་ཐོས་བསམ་དཔེ་ཀློག་གི་གོ་རིམ་ཁྲོད་འཁྲུལ་བ་མང་བོ་རང་འགགས་སུ་འགྲོ་བའི་རྐྱེན། མཐར་ཟུང་འཇུག་འབྲས་བུའི་ཡེ་ཤེས་འཆར་བའི་གྲོགས་བསླུ་བ་མེད་པ་ཞིག་ཏུ་འགྱུར་ངེས་ཀྱི་རེ་བ་རྣམ་པར་དག་པས་བྲིས་ནའང་། ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན་ཀློག་པ་པོ་རེ་རེ་ནི་མཁྱེན་རྩལ་གྱི་ཟུར་མི་འདྲ་བའི་པཎྜི་ཏ་རེ་རེ་ཡིན་པས། འདིར་གུས་པ་ཆེན་པོས་དགོངས་འཆར་ལྷུག་སྩོལ་གནང་བའི་རེ་བ་ཞུས་པ་དང་མཉམ་དུ། འོད་གསལ་གླིང་གི་མཆེད་གྲོགས་རྣམ་པས་བསྐྱེད་རྫོགས་མ་བུ་གཉིས་ལ་དཔེ་གློག་ལས་བྱ་རེ་བྲིས་ཏེ་སྤྲོད་རྒྱུའི་རེ་བ་ཞུས་པ་ཡིན། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།