ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ་ལགས་ཀྱིས་བརྩམས་པའི«གླིང་སྒྲུང་ཀློག་དེབ་བློ་གསལ་འཇུག་ངོགས»ཞེས་པའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས།
དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ་ལགས་ཀྱིས་བརྩམས་པའི«གླིང་སྒྲུང་ཀློག་དེབ་བློ་གསལ་འཇུག་ངོགས»ཞེས་པའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-19 08:31:14
ཀློག་གྲངས།:

བོད་ཀྱི་གེ་སར་རིག་གནས་ཞིབ་འཇུག་པ། དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ་ལགས་ཀྱིས་བརྩམས་པའི«གླིང་སྒྲུང་ཀློག་དེབ་བློ་གསལ་འཇུག་ངོགས»ཞེས་པའི་དཔེ་ཚོགས་འདི་ཉེ་ལམ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཏེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་སྤྱན་འབུལ་བྱས་འདུག དཔེ་ཚོགས་འདིར་བསྡོམས་པས་དེབ་བཅུ་ཡོད་དེ། དེ་ཡང«གླིང་གེ་སར་རྒྱལ་པོའི་མཛད་རྣམ་དད་པའི་མཆོད་སྤྲིན»དང་། «གླིང་གི་མི་སྣ་གྲགས་ཅན་གྱི་སྐྱེས་རབས་ལོ་རྒྱུས་ཤེལ་དཀར་མེ་ལོང» «ངོ་མཚར་ཆེ་བའི་གེ་སར་སྒྲུང་པའི་གཏམ་རྒྱུད» «གླིང་སྒྲུང་པར་གཞིའི་བྱུང་འཕེལ་བཤད་པ་གཟི་མིག་དགུ་ཤར» «གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་པད་དཀར་ཆུན་པོ» «གེ་སར་རྒྱལ་པོའི་ཤུལ་རྟེན་འགངས་ཆེན་གྱི་ངོ་སྤྲོད་མུ་ཏིག་ཕྲེང་མཛེས» «གླིང་སྒྲུང་གི་དཀའ་གནད་མུན་པ་རང་གྲོལ» «གེ་སར་ཟློས་གར་དང་གསར་བཞེངས་རྟེན་གཞི་གངས་རིའི་རྒྱན་ཆ» «གླིང་སྒྲུང་ལས་བྱུང་བའི་བོད་པའི་གསོ་རིག་གསེར་གྱི་བང་མཛོད» «གླིང་སྒྲུང་གི་གཡང་འབོད་དང་བཤད་པ་གཏམ་དཔེ་མེ་ཏོག་ཚོམ་བུ»བཅས་ལྟ་བདེ་ལ་ནང་དོན་ཆ་ཚང་བར་ཡོད་པའི་ཞིབ་འཇུག་གི་གྲུབ་འབྲས་ཤིག་ཡིན་པས་གེ་སར་སྒྲུང་གི་རིག་གནས་ལ་མོས་པ་ཆེ་ཞིང་ཀློག་སྤྲོ་བས་འཇུག་མཁན་ཞིག་ཡིན་ན་འདི་ནི་ཤིན་ཏུ་དགའ་འོས་པའི་དོན་བཟང་ཞིག་ཡིན་པ་སྨྲས་མ་དགོས།

གླིང་སྒྲུང་དཔེ་ཚོགས་འདི་ལ་མངའ་བའི་གཞན་དང་མི་མཚུངས་པའི་ཁྱད་ཆོས་སམ་དགེ་མཚན་རགས་བསྡུས་ཙམ་བརྗོད་ན་འདི་ལྟ་སྟེ།
གཅིག «གླིང་སྒྲུང་ཀློག་དེབ་བློ་གསལ་འཇུག་ངོགས»ཞེས་པའི་དེབ་ཕྲེང་བཅུའི་བདག་ཉིད་ཅན་འདི་ནི་རྒྱལ་ཁབ་གསར་བ་བཙུགས་ཚུན་དུ་གེ་སར་རིག་གནས་སྐོར་གྱི་ཤེས་བྱ་ཀུན་འདུས་ཀྱི་གླེགས་བམ་ཞིག་ཡིན་པས། གེ་སར་རིག་གནས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་ན་གོ་བདེ་བའི་ངང་ནས་རྒྱུད་ལ་གསལ་བོར་ངེས་ཐུབ་པའི་དགེ་མཚན་ཡོད།གཉིས། གླིང་སྒྲུང་བྱུང་འཕེལ་གྱི་བརྒྱུད་རིམ་ཁྲོད། གེ་སར་རིག་གནས་ཞིབ་འཇུག་ཐད་དུ་ཀློག་དེབ་བཅུ་ལྷན་དུ་པར་སྐྲུན་དང་འགྲེམ་སྤེལ་གནང་བ་ཐེངས་དང་པོ་ཡིན་ལ། བོད་པའི་ལོ་རྒྱུས་ཐོག་མེད་པ་ཁ་སྐོང་བགྱིས་ཡོད་པའང་བསྙོན་དུ་མེད།
གསུམ། དཔེ་ཚོགས་འདིའི་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་ལ་རྗོད་བྱེད་ཚིག་བདེ་ལ་གོ་སླ་བའི་ཁྱད་ཆོས་ཡོད། གནག་རྫི་དང་གཞོན་ནུ་ཀློག་པ་པོས་བསླབ་ན་ཡིད་ལ་འབྱོར་ཐུབ་པའི་ཤེས་བྱ་ཡོད་ཅིང་གེ་སར་ཆེད་མཁས་པ་ཚོས་བཀླག་ན་ཡིད་ལ་གཏིང་ཟབ་པའི་ལྟ་བ་དང་ཤེས་བྱ་གསར་བ་སྦྱིན་ཐུབ་པའི་དགེ་མཚན་མཆིས།
བཞི། དཔེ་ཚོགས་འདིའི་བརྗོད་དོན་གཙོ་བོ་མདོ་དབུས་ཁམས་གསུམ་ལ་ཁ་ཕྱོགས་ནས་བརྩམས་པ་ཡིན་པས་བོད་ཁམས་ཡོངས་སུ་ཁྱབ་པའི་གེ་སར་རིག་གནས་ཀྱི་ལོ་རྒྱུས་དང་གནས་བབ་ལ་རྒྱུས་ལོན་གསལ་པོ་བྱེད་ཐུབ་པས། སྐྱེས་བུ་སུ་ཞིག་གིས་རང་གི་ཡུལ་ཕྱོགས་ཀྱི་གེ་སར་ལོ་རྒྱུས་ཤེས་འདོད་ན་ཕྱོགས་ཞེན་མེད་པར་ཁྱེད་ལ་ངོ་སྤྲོད་གསལ་བོ་གནང་ཐུབ་པའི་ཁྱད་ཆོས་ཡོད།
ལྔ། དཔེ་ཚོགས་འདིར་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ནང་དངོས་སུ་བྱུང་མྱོང་བའི་དཔའ་བོ་དངོས་ཡིན་པའི་ཆ་ནས་སྔོན་བྱོན་བོད་ཀྱི་སྐྱེས་བུ་དམ་པ་ཚོའི་གསུང་སྒྲོས་གཞིར་བཟུང་ནས་བྲིས་ཡོད་པས་ན་ཡིད་རྟོན་བྱས་ཆོག་ལ། དེང་སང་མི་ཉུང་ཤས་ཙམ་གྱིས་བོད་ཀྱི་གེ་སར་ལོ་རྒྱུས་ལ་མི་མཐུན་པའི་རྙོག་བཤད་ལོག་བཤད་ལ་ལུང་དང་རིགས་པས་གང་ནུས་ཀྱིས་བསྒྲུབས་ཡོད་དོ། །
གཞན་ཡང་དཔེ་ཚོགས་འདིའི་ནང་གི་དཔྱད་གཞིའི་རྒྱུ་ཆ་ཕལ་ཆེ་བ་རྩོམ་པ་པོ་ཁོང་ཉིད་ཀྱིས་བགྲང་བྱ་སུམ་ཅུའི་རིང་ལ་དཀའ་བ་རྒྱབ་ཏུ་བསྐྱུར་ཞིང་ངལ་བ་དང་དུ་བླངས་ནས་དངོས་སུ་གཞི་རིམ་དང་ཡུལ་དངོས་ལ་སོང་ནས་རྒྱུས་ལོན་གནང་སྟེ་མཛད་པ་ཡིན་པས་རྣམ་དག་གསལ་བོ་ཡིན་ཞིང་ཡིད་རྟོན་བྱས་ཆོག་པའི་དཔྱད་གཞི་ཁུངས་ཐུབ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།